༄༅། །གནས་ཚུལ་དང༌། དོན་རྐྱེན་ནམ་ཡང་ན་ཉམས་མྱོང་སོགས་གཏིང་ཟབ་ཅིང་ཞིབ་ཕྲ་བའི་བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་ནས་གོང་ལ་སྙན་སེང་ཞུ་རྒྱུར་འབུལ་བའི་ཡིག་རིགས་ལ་བརྟག་དཔྱད་སྙན་ཞུ་ཟེར། སྙན་ཞུ་དེ་རིགས་ཁག་གཅིག་ལ་དེ་སྔ་སྤྱིར་བཏང་དུ “ སྐོར་ཐོ ” ཞེས་བརྗོད།
བརྟག་དཔྱད་སྙན་ཞུ་ནི་གནས་ཚུལ་སྙན་སེང་དང༌། གནད་དོན་ཤེས་རྟོགས། ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས། གནད་དོན་ཐག་གཅོད་བཅས་བྱེད་པའི་ལག་ཆ་ཞིག་ཡིན་པ་དང་གཅིགཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་དང༌། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ནང་དུ་བྱུང་བའི་སྔོན་ཐོན་ལ་བསྟོད་བསྔགས་དང༌། ཞན་ཆར་སྐྱོན་བརྗོད། བྱ་དངོས་གསར་པར་རྒྱབ་སྐྱོར། ཉམས་མྱོང་གསར་པ་ཁྱབ་སྤེལ་གཏོང་བའི་ལག་ཆ་ཞིག་ཡིན་པ་དང་གཉིས། འགོ་ཁྲིད་ཚན་པས་གནས་ཚུལ་གསལ་རྟོགས་དང༌། གནད་དོན་ལ་ཞིབ་འཇུགམཛད་ཕྱོགས་སྲིད་ཇུས་ཁག་གཏན་འབེབས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བྱེད་པའི་ལག་ཆ་ཞིག་ཡིན་པ་དང་གསུམ། འགོ་ཁྲིད་ཀྱི་སྤྱོད་ཚུལ་ཡོ་བསྲང་དང༌། ལས་ཀའི་ཐབས་ཤེས་ལེགས་བཅོས། མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ནས་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལག་ཆ་ཞིག་ཡིན་པ་དང་བཞི་བཅས་སོ།
བརྟག་དཔྱད་སྙན་ཞུའི་ཁྱད་ཆོས། དེ་ཡང་དོན་དངོས་རང་བཞིན་ལྡན་དགོས་ཤིང༌། དངོས་དོན་སྤྱད་ནས་སྐད་ཆ་ཤོད་པ་དང་རྒྱུ་མཚན་བགྲང་དགོས་པ་དང་གཅིགདཔེ་མཚོན་བསྟན་ཏེ་ཁྱོན་ཡོངས་ལ་དོན་སྙིང་ལྡན་པའི་མཛུབ་ཁྲིད་བྱེད་དགོས་པ་དང་གཉིས། དམིགས་ཡུལ་དང་ངོ་བོ་གསལ་རྟོགས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་སྐབས་གཞི་འཛིན་ས་ཡོད་ལ་འདོར་ལེན་མི་འཆུག་པ་བྱེད་དགོས་པ་དང་གསུམ། གསོན་ཉམས་དོད་ཅིང་གཞི་རྒྱ་ཆེ་བའི་རང་བཞིན་ལྡན་དགོས་པ་དང་བཞིའོ།
བརྟག་དཔྱད་སྙན་ཞུའི་རྣམ་གྲངས། དེ་ཡང་བྱ་དངོས་གསར་པར་བརྟག་དཔྱད་བྱ་རྒྱུ་དང་གཅིགདཔེ་མཚོན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ་དང་གཉིས། ལོ་རྒྱུས་ཀྱི་དོན་དངོས་ལ་བརྟག་དཔྱད་བྱ་རྒྱུ་དང་གསུམ། སྤྱི་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་ཐོན་སྐྱེད་འཕེལ་འགྲིབ་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་དང་བཞི། འགག་གནད་སྦུག་གསང་མེད་པར་ཁྱབ་བསྒྲགས་བྱ་རྒྱུ་དང་ལྔ་བཅས་ཀྱི་ཐོག་ད་དུང་གྱོད་གཞིའི་སྐོར་དང༌། རིག་གཞུང་སྐོར་གྱི་བརྟག་དཔྱད་སྙན་ཞུ་སོགས་ཁག་ཁ་ཤས་ཡོད་པས་འདིར་རེ་རེ་བཞིན་བཀོད་མེད།
འབྲི་སྟངས་རྣམ་གཞག དེ་ཡང་གནད་དོན་གང་ཞིག་སྐོར་གྱི་བརྟག་དཔྱད་སྙན་ཞུ་ཡིན་མིན་ཁ་བྱང་དུ་གསལ་པོ་བྲི་དགོས་པ་དང་གཅིག གླེང་གཞི་བྲི་དགོས་པ་དང་གཉིས། བརྗོད་དོན་དངོས་གཞི་བྲི་དགོས་པ་དང་གསུམ། མཇུག་དོན་བསྡུ་བ་དང་བཞི། ལོ་ཟླ་ཚེས་གྲངས་བྲི་དགོས་པ་དང་ལྔ་བཅས་སོ།
རྩོམ་འབྲིའི་རེ་བ། དེ་ཡང་བརྟག་པར་བྱ་བའི་ཡུལ་ལ་ཞིབ་འཇུག་གཏིང་ཟབ་ཐུབ་པའི་དཔྱད་གཞི་རྣམས་བསྡུ་རུབ་བྱེད་པའི་རྨང་གཞིའི་འཆར་འགོད་ཡག་པོ་བྱས་ཏེ་དངོས་དོན་སྤྱད་ནས་ལྟ་བ་དང་རྒྱུ་ཆ་གཅིག་གྱུར་ཡོང་བ་བྱེད་དགོས་པ་སྟེ་དཔེ་མཚོན་ཡོད་པ་དང༌། སྡུར་ཚད་དང་གྲངས་ཚད་ཡོད་པ། མང་ཚོགས་ཀྱི་ཕུགས་རེ་མཚོན་ཞིང་དོན་སྨིན་ཡོང་བ། ལག་ལེན་བྱེད་ཐབས་ཡོད་པ། རྩོམ་སྲོལ་ལུགས་དང་མཐུན་པ་དང་རྫོད་ཚིག་གསོན་ཉམས་ལྡན་ལ་གོ་དོན་གསལ་ཞིང་བསྡུས་པ་བཅས་དགོས་རྒྱུར་ཡིད་གཟབ་བྱེད་དགོས།
དཔེ་གཞི།
ཁེ་ལས་བསྒྱུར་བཅོས་བྱས་ནས་ལས་བཟོའི་མི་མངོན་པའི་
སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་པ།
བུ་ཚེ་རིང་གིས།
༄༅། །ད་རེས་ང་ཚོས་ཆེད་མངགས་ས་ཁུལ་འབྲུ་སྣུམ་ལས་སྣོན་བཟོ་གྲྭར་སྤྱོད་པས་བཟོ་གྲྭ་དེའི་ཁེ་ལས་བསྒྱུར་བཅོས་ལ་དགའ་སྤྲོ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པ་ང་ཚོའི་མིག་ལམ་དུ་འཆར་བྱུང༌།
གཞིས་རྩེ་ས་ཁུལ་འབྲུ་སྣུམ་ལས་སྣོན་བཟོ་གྲྭ་ནི1960ལོར་འཛུགས་གཉེར་བྱས་པ་ཞིག་ཡིན་པ་དང༌། དུས་ཡུན་ལོ་ངོ་ཉི་ཤུ་རྩ་བདུན་ཙམ་གྱི་རིང་ས་གནས་ཨུ་ཡོན་ལྷན་ཁང་དང༌། སྲིད་འཛིན་ཀུང་ཧྲུའུ། དེ་མིན་གཙོ་གཉེར་ཚན་པ་བཅས་ཀྱི་འགོ་ཁྲིད་འོག་རིམ་བཞིན་གོང་འཕེལ་དང་ཡར་རྒྱས་བྱུང་བ་ཞིག་ཡིན་ཞིང༌། དེང་སྐབས་བཟོ་གྲྭའི་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་སྒོར་ཁྲི124ཙམ་གྲོན་དངུལ་སྒོར་ཁྲི30ཙམ་འདུག
བཟོ་གྲྭའི་རྩ་འཛུགས་ཀྱི་སྒྲིག་གཞིའི་ཐད་ཆ་མཚོན་ན་བཟོ་གྲྭའི་ཏང་ཀྲི་པུ་དང༌། ལས་བཟོའི་འཐུས་མི་ཚོགས་ཆེན། བཟོ་ཚོགས། གུང་གཞོན་སྡེ་ཚོགས། བུད་མེད་བཅས་ཀྱི་རྩ་འཛུགས་འཐུས་ཚང་འདུག་ལ། དེ་བཞིན་སྲིད་འཛིན་དང༌། ནོར་སྲིད་ཚན་པ། འཁོར་ཁང་བཞི་ལ་ཐོན་སྐྱེད་ཚོགས་ཆུང་བཅུ་བཅས་དང༌། ཐོན་སྐྱེད་ཀྱི་རྣམ་གྲངས་ཐད་གྲོ་འཐག་དང༌། སྣུམ་འཚག་ཀོའོ་མན་དང་ཕིང་བཅས་གཙོ་བོར་བཟུང་བས་ལོ་རེར་བཟའ་རིགས་ཁྱོན་བསྡོམས་རྒྱ་མ་ཁྲི 690ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་པ་རེད།
ཁེ་ལས་སྲ་བརྟན་དང་དཔལ་འབྱོར་གྱི་ཕན་འབྲས་གོང་མཐོར་གཏོང་བའི་འགྲན་རྩོད་ནང་བཟོ་གྲྭ་དེས1983ལོ་ནས་བཟུང་འགོ་ཁྲིད་ཀྱི་སྒྲིག་གཞི་ལེགས་བཅོས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་ཁྲང་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་ཆབས་ཅིག་བདག་གཉེར་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་རང་བཞིན་ལ་གཞིགས་ནས་བཟོ་གྲྭ་དང༌། འཁོར་ཁང༌། ཚོགས་ཆུང་བཅས་རིམ་པ་གསུམ་གྱིས་བདག་གཉེར་བྱེད་པའི་ལམ་ལུགས་དང༌། བཟོ་གྲྭ་དང་འཁོར་ཁང་རིམ་པ་གཉིས་ཀྱིས་ཞིབ་རྩིས་རྒྱག་པའི་ལམ་ལུགས་བཙུགས་པ་མ་ཟད། ལས་དོན་ཁག་དོན་འཁྱོལ་བྱེད་ཕྱིར《ཏང་ཀྲི་པུའི་ལས་དོན་དོན་ཚན་འགའ་ཞིག》དང༌། 《ཁྲང་ཀྲང་གི་ལས་དོན་འགན་འཁྲིའི་ལམ་ལུགས》《ལས་བཟོའི་ཚོགས་ཆེན་ལམ་ལུགས་ཀྱི་ལས་དོན་སྐོར་གྱི་དོན་ཚན་འགའ་ཞིག》《དཔལ་འབྱོར་འགན་འཁྲིའི་ལམ་ལུགས》《བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས》སོགས་འཐུས་སྒོ་ཚང་བའི་དོ་དམ་ལམ་ལུགས་ཁག་བཅུ་བདུན་བཟོས་ཡོད།
1985ལོར་བཟོ་གྲྭས་སླར་ཡང《དཔལ་འབྱོར་འགན་འཁྲིའི་ལམ་ལུགས》གཞིར་བཟུང་སྟེ་ལས་འགན་གཙང་སྤྲོད་ཀྱི་ལམ་སྲོལ་ལག་བསྟར་བྱས་ཤིང༌། དེའི་གཙོ་བོའི་ཁྱད་ཆོས་ནི་ལས་འགན་དང༌། དབང་ཆ། ཁེ་ཕན་བཅས་གསུམ་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་ལས་བཟོའི་ནུས་ཤུགས་སྐུལ་སློང་བྱེད་ཚད་མཐོ་རུ་སོང་འདུག་ལ། ལས་གནས་མི་འདྲ་བའི་སྒྲུབ་ཚད་ལ་གཞིགས་ནས་བྱ་དགའ་སྤྲོད་རྒྱུ་དང་ཁ་གསབ་བྱ་རྒྱུའི་ཐབས་ཀྱང་བཏོན་ནས་བཟོ་གྲྭ་ཡོངས་ལ་ལས་གནས་མི་འདྲ་བ་ཁག་བཅོ་བརྒྱད་ཙམ་ཡོད་པ་ཚང་མར་ཚད་གཞི་གཏན་འཁེལ་གྱི་དོན་ཚན་ཁག་བཅུ་བདུན་བཟོས་ཡོད་པ་མ་ཟད། གཏན་འཁེལ་གྱི་དོན་ཚན་དེ་དག་ཁྲང་ཀྲང་ནས་སྒོ་སྲུང་བའི་བར་དུ་ལག་བསྟར་བྱས་ཡོད་པས་མི་མངོན་པའི་སྟོབས་ཤུགས་སྔོག་འདོད་གང་ལེགས་ཐུབ་ཡོད། ཐོན་སྐྱེད་ཀྱི་ལས་འགན་དང་གླ་ཕོགས་ཀྱི་སྤྱིའི་གྲངས་འབོར་འགན་གཙང་བྱས་རྗེས་གླ་ཕོགས་དང་ཐོན་སྐྱེད་ཀྱི་ལས་འགན་བར་གྱི་འབྲེལ་བ་འཛུགས་ཐུབ་པ་བྱུང་བ་དང་གླ་ཕོགས་ཀྱི་སྤྱིའི་གྲངས་འབོར་དང༌། བྱ་དགའ་ཆད་གཅོད། ཐོན་སྐྱེད་འགན་གཙང་བྱ་རྒྱུ་བཅས་འབྲེལ་མཐུད་ཡས་པའི་དབང་གིས་ལེགས་ཉེས་དབྱེར་མེད་དང་འགན་ནུས་འདོན་མིན་གསལ་པོ་མི་ཤེས་པའམ་དོ་སྣང་མི་བྱེད་པའི་གནས་ཚུལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དཔེར་ན། བསྒྱུར་བཅོས་མ་བྱས་གོང་དུ་ཐོན་སྐྱེད་ཀྱི་ཧུར་སེམས་མེད་པར་ཉིན་མ་གང་འཁྱོལ་བྱེད་མིས་ཀྱང་ད་ལྟ་མ་བསྐུལ་རང་མོས་ཀྱིས་ཐོན་སྐྱེད་ནང་ཧུར་ཐག་ཞུགས་ཀྱི་ཡོད་པ་དང༌། སྔོན་མ་ཆུ་ཚོད་བརྒྱད་ཀྱི་ནང་ཚད་གཞིའི་ལས་འགན་ཡང་འགྲུབ་ཐུབ་ཀྱི་མེད་པ་དང་ད་ལྟ་ལས་འགན་ལེགས་གྲུབ་བྱས་པས་མི་ཚད་ད་དུང་ལས་འགན་གསར་པ་ཡང་ལེན་གྱི་ཡོད།
དེ་སྔ་ནོར་སྲིད་དཔལ་འབྱོར་དོ་དམ་ཟང་ཟིང་ཡིན་པ་དང༌། ལྷག་དོན་དངུལ་གཉེར་དང་རྩིས་པས་འཁོར་ཁང་ཁག་ལ་འབྲེལ་བ་དམ་ཟབ་མ་བྱས་སྟབས་རྩིས་ཁྲ་དང་དོན་དངོས་མི་མཚུངས་པའི་གནས་ཚུལ་ཤིན་ཏུ་མང་པོ་ཐོན་པ་དེ་ཡང་ད་ཆ་རྩིས་ཁྲ་དང་དངོས་པོ་ཞིབ་བསྡུར་དུས་ཐོག་ཏུ་བྱས་ཏེ་རྩིས་ཁྲར་ཡོད་ན་དངོས་ཐོག་ཏུ་ཡོད་པ་དང་རྩིས་ཁྲར་མེད་ན་དངོས་ཐོག་ཏུ་མེད་པ་སོགས་ཐོན་སྐྱེད་ཀྱི་གྲུབ་འབྲས་ལ་ལྟ་བདེ་དང་རྩིས་ཁྲའི་ནུས་པ་འདོན་ཐུབ་པར་གྱུར་ཡོད། ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དང་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དེས1985ལོར་ཆ་སྙོམ་ལས་བཟོའི་ལས་ཞུགས་གྲངས་ཚད་དེ97.7ལྷག་ཙམ་ཟིན་ཡོད་པ་དང༌། 1986ལོར99%ལྷག་ཙམ་ཟིན་ཡོད།
དེ་བཞིན 1985ལོར་འཕྲུལ་འཁོར་ལ་སྐྱོན་ཤོར་ནས་ལས་མཚམས་འཇོག་པའི་དུས་ཚོད་ཆུ་ཚོད125ཙམ་ཟིན་གྱི་ཡོད་པ་དེ་ད་ལྟ་ཆུ་ཚོད60ཙམ་ཉུང་དུ་ཕྱིན་ཡོད་པ་དང༌། 1985ལོར་འཕྲུལ་འཁོར་བཟོ་བཅོས་བྱེད་པའི་ངལ་ཤུགས་ཐེངས་གྲང980ཙམ་ཟིན་གྱི་ཡོད་པ་དེ1986ལོར་ངལ་ཤུགས་ཐེངས་གྲངས870བར་ཉུང་དུ་ཕྱིན་ནས་མི་ཤུགས་དང་དངོས་ཤུགས་ཀྱི་ལས་ཕྱོགས་གང་མྱུར་མཐོ་རུ་སོང་བ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཀྱང་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད།
ལག་རྩལ་བསྒྱུར་བཅོས་བྱས་ནས་ཐོན་སྐྱེད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བའི་ཐད་བཟོ་གྲྭ་དེས་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་ཕྱོགས་མཚུངས་ཐོན་སྐྱེད་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུར་དོ་སྣང་བྱས་སྟབས་ལས་སྣོན་བྱས་པའི་གྲོ་ཞིབ་དང་སྣུམ་སོགས་སྤུས་འབོར་གཉིས་ལྡན་བྱུང་བ་དང༌། ལྷག་དོན་ཕིང་འཐག་ལས་སྣོན་གྱི་ཐོན་སྐྱེད་གང་ལེགས་བྱས་པ་དེས་གཞིས་རྩེའི་ཁྲོམ་རའི་ཐོག་འཛད་སྤྱོད་པ་ཚོར་རང་འདོད་ངང་ཕིང་ཉོ་རྒྱུ་བྱུང་བ་རེད། ཐོན་སྤེལ་གྲོན་ཆུང་དང་ཐོན་འཕར་ཡོང་བ་བྱ་རྒྱུ་ནི་ཁེ་ལས་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་པའི་བྱ་ཐབས་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན་བཟོ་གྲྭ་ཡོངས་ཀྱི་གནད་དོན་དེར་མཐོང་ཆེན་དང་དོན་འཁྱོལ་བྱས་ཏེ་ཉེ་བའི་ལོ་ཤས་རིང་ཕན་མེད་ཀྱི་རྒྱུ་ཆ་མི་ཉུང་བ་ཞིག་ཕན་ཡོད་དུ་སྒྱུར་བའི་བྱ་ཐབས་སྣ་ཚོགས་སྤེལ་ནས་སྔ་རྗེས་སུ་བཟོ་གྲྭ་དེས་གློག་སྤྱོད་སྒུལ་ཤུགས་འཕྲུལ་འཁོར 100བཟོ་བཅོས་བྱས་པ་དང༌། སྤུན་ཟླའི་ལས་ཁུངས་ཀྱི་འཕྲུལ་འཁོར་སྣ་ཚོགས22བཟོ་བཅོས་བྱས་པ། དེ་བཞིན་རྩྭ་རས་རལ་བརྡོལ7,000ལྷག་ཙམ་ལ་ལྷན་པ་གླན་པ། པད་ཁ་ཉི་སྐམ་གཏོང་ཕྱིར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ6496ཡོད་པའི་ཐང་ཆེན་ཞིག་བཟོས་པ་ཕུད། ད་དུང་ཨར་འདམ་གྱི་གློག་ཤིང་ལས་སྣོན་བྱེད་པའི་ལག་རྩལ་སྦྱངས་ནས་གློག་ཤིང200བཟོས་པ་བཅས་ཀྱིས་རྒྱལ་ཁབ་ལ་མ་རྩ་སྒོར་ཁྲི8ལྷག་ཙམ་གྲོན་ཆུང་ཐུབ་པ་བྱུང་བ་རེད། བསྒྱུར་བཅོས་ཀྱི་ནང་ལས་བཟོ་ཚོའི་ཧུར་སེམས་སྐུལ་སྤེལ་བྱེད་པ་དང་ཆབས་ཅིག་བཟོ་གྲྭས་ལས་བཟོའི་འཚོ་བར་སེམས་ཁུར་གང་ཐུབ་བྱས་པ་དཔེར་ན། བཟོ་གྲྭས་བུ་བཅོལ་ཁང་བཙུགས་པ་དང་སློབ་ཞོར་ཟུར་ཁྲིད་བབས་ཚུགས་བཙུགས་ཏེ་སློབ་ལོ་མ་སོན་པའི་བྱིས་པར་སྟབས་བདེ་སྤྲད་སྟབས་ལས་བཟོ་རྣམས་བློ་བདེ་བག་ཕེབས་ངང་ལས་ཀ་བྱེད་ཐུབ་པ་བྱུང་བ་དང༌། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉོས་ནས་ཆེད་མངགས་ལས་བཟོའི་བུ་ཕྲུག་རྣམས་སློབ་གྲྭར་སྐྱེལ་བསུ་བྱས་སྟབས་ལས་བཟོའི་དཀའ་ངལ་སེལ་ཐུབ་པ་བྱུང་བ་རེད། བཟོ་གྲྭས་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ50ཙམ་ཡོད་པའི་ཉི་འོད་ནུས་པའི་གཟུགས་པོ་འཁྲུ་ཁང་ཞིག་དང་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ253ཡོད་པའི་ཚལ་འདེབས་དྲོད་ཁང་ཞིག་བསྐྲུན་སྟབས་ལས་བཟོའི་འཚོ་བ་ལེགས་བཅོས་གང་འཚམས་བྱུང་ཞིང༌། གཞན་ཡང་བརྙན་འཕྲིན་བལྟ་ཁང་དང་དཔེ་དེབ་ཁང་བཙུགས་ནས་ལོ་གསར་ཁང༌། དུས་ཆེན། ངལ་གསོ་བཅས་ཀྱི་དུས་སུ་བརྙན་འཕྲིན་དང་དཔེ་དེབ་བལྟ་རྒྱུའི་བྱེད་སྒོ་སྤེལ་སྟབས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱུང་བ་མ་ཟད། ལས་བཟོའི་མཐོང་རྒྱ་ཡང་ཇེ་ཆེར་སོང་བ་རེད། དེ་མིན་བཟོ་གྲྭའི་འགན་འཁུར་བས་ལུས་པོ་ཞན་པའི་ལས་བཟོ་རྒན་གྲས་ལ་འོས་ཤིང་འཚམས་པའི་ལས་བཀོད་དང་སྦྲགས་རྟག་ཏུ་ཁོང་ཚོའི་བདེ་སྡུག་ལ་སེམས་ཁུར་བྱས་ནས་གནས་ཚུལ་བྱུང་རིགས་འཕྲལ་མར་ཐག་གཅོད་བྱས་སྟབས་རྒན་རབས་པའི་ད་ཡོད་ཀྱི་ལས་ཀའི་ནུས་ཤུགས་འདོན་སྤེལ་བྱེད་ཐུབ་པ་བྱུང་བ་མ་ཟད། ལས་བཟོ་སྤྱི་ལའང་སེམས་འགུལ་ཐེབས་ཐུབ་པ་བྱུང་བ་རེད། ལས་བཟོའི་དཔུང་ཁག་ལ་ཤུགས་སྣོན་རྒྱག་པའི་ཐད་བཟོ་གྲྭས་ལས་བཟོའི་ལག་རྩལ་ཞན་པའི་གནས་ཚུལ་ལ་དམིགས་ཏེ་ལས་བཟོའི་རིག་གནས་སྦྱོང་བརྡར་འཛིན་གྲྭ་བཙུགས་པ་དང༌། ལས་བཟོ་ཁག་གཅིག་ཕྱི་ཕྱོགས་སུ་སྦྱོང་བརྡར་བྱེད་པར་བཏང་བ། དགེ་རྒན་གདན་ཞུས་ཀྱིས་སློབ་ཁྲིད་བྱས་པ་བཅས་ལ་བརྟེན་ལས་བཟོ་ཚོའི་རིག་གནས་ཆུ་ཚད་དང་ལག་རྩལ་ཆུ་ཚད་གོང་མཐོར་ངེས་ཅན་ཞིག་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན 1980ལོ་ནས1986ལོ་བར་བཟོ་གྲྭ་དེས་ལས་བཟོ་མི་གྲངས40ལ་ལག་རྩལ་སྦྱོང་བརྡར་བྱེད་པའི་གོ་སྐབས་སྤྲད་པས་ད་ཆ་དེ་དག་གི་ནང་ནས90%ཡན་གྱི་ལས་བཟོས་རང་རྐྱ་འཕེར་བའི་སྒོ་ནས་འཕྲུལ་ཆས་ལྷུ་སྒྲིག་བྱེད་ཐུབ་ཀྱི་ཡོད་པ་དང༌། 50%ཡན་ཐོན་སྐྱེད་ཀྱི་རྐང་འཛིན་ལག་རྩལ་པར་གྱུར་པ་རེད། རིག་གནས་སྦྱོང་བརྡར་འཛིན་གྲྭ་བཞི་དང་ལོ་རིམ་བཞི་བཙུགས་ཡོད་པ་དེའི་ནང་སློབ་ཞུགས་ལས་བཟོ་མི་གྲངས84ཡོད་པ་དེས་ལས་བཟོ་ཡོངས་ཀྱི70%ཟིན་གྱི་ཡོད་པ་དང༌། སློབ་སྦྱོང་བྱེད་རིང་བཟོ་གྲྭས་ཚད་མཐོའི་རེ་བ་བཏོན་ཡོད་ལ། ལས་བཟོ་ཚོས་ཀྱང་ཤེས་བྱ་ནི་ལག་རྩལ་གོང་མཐོར་གཏོང་བའི་འགག་གནད་ཡིན་པའི་ངོས་འཛིན་བྱས་སྟབས་སྦྱང་བརྩོན་གྱི་རྣམ་པ་གསར་པ་ཞིག་ཐོན་ཞིང༌། ད་ལྟ་ལས་བཟོའི་རིག་གནས་ཆུ་ཚད་མཐོ་རུ་ངེས་ཅན་ཞིག་ཕྱིན་ཡོད་པ་རེད།
དེ་ལྟར་གཞིས་རྩེ་ས་ཁུལ་འབྲུ་སྣུམ་ལས་སྣོན་བཟོ་གྲྭས་ཁེ་ལས་བསྒྱུར་བཅོས་བྱེད་པའི་ནང་ལག་རྩལ་བསྒྱུར་བཅོས་དང༌། ཐོན་འཕར་བསྲི་ཚགས། རང་སྟོབས་རང་སྤེལ་བཅས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་པ་མ་ཟད། ད་དུང་བཟོ་གྲྭའི་ཐོན་སྐྱེད་སྲ་བརྟན་དང་ཨང་འཕེལ་ཡང་བཏང་ནས་ལས་བཟོ་ཚོའི་སྟོབས་ཤུགས་སྔོག་འདོན་གྱིས་བཟའ་བཅའ་ལས་སྣོན་གང་ལེགས་བྱེད་ཆེད་ལས་བཟོའི་ཁྲོད་དུ་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་གསལ་པོ་བཟོས་པ་དང༌། ལས་བཟོའི་འཚོ་བར་སེམས་ཁུར་བྱས་པར་བརྟེན 1981ལོ་ནས1986ལོ་བར་ལས་སྣོན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི851ཟིན་ཡོད་པ་དང༌། ཐོན་སྐྱེད་བྱས་པའི་དངོས་རྩས་སྣ་ཚོགས་ཏུན10,940ལྷག་ཙམ་ཟིན་པ་དེར་ཁེ་སྤོགས་དངུལ་སྒོར་ཁྲི98ཙམ་བྱུང་བ་རེད།
མ་གནས་དང་རྒྱུ་ཆ་མི་འདང་བའི་གནས་ཚུལ་འོག་བཟོ་གྲྭ་དེས་འདི་ལོ་ཐོན་རྫས་རིན་ཐང་སྒོར་ཁྲི 100ལེགས་གྲུབ་བྱས་ཡོད་པར་ཁེ་སྤོགས་སྒོར་ཁྲི12བྱུང་བ་དང༌། ལོ་དྲུག་གི་ནང་ལོ་རེར་ཆ་སྙོམས་ཐོན་འཕར15%ལྷག་ཙམ་བྱུང་སྟེ་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བ་དང་ཕྱོགས་མཚུངས་ལས་བཟོའི་ཡོང་འབབ་དེ་ཡང1985ལོར་ལས་བཟོ་མི་རེར་ཆ་སྙོམས་བྱ་དགའི་དངུལ་སྒོར430ཟིན་པ་དེ1984ལོ་ལས55%འཕར་སྣོན་བྱུང་བ་དང༌།
1986ལོར་ལས་བཟོ་མི་རེར་ཆ་སྙོམས་བྱ་དགའི་དངུལ་སྒོར480ཟིན་པ་དེ1985ལོ་ལས11%ལྷག་ཙམ་འཕར་སྣོན་བྱུང་ཡོད་པ་རེད།
མདོར་ན་བཟོ་གྲྭ་དེས་བསྒྱུར་བཅོས་བྱ་རྒྱུ་དེ་ཁེ་ལས་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་པའི་སྲོག་ཤིང་ལ་བརྩིས་ཏེ་བྱེད་ཐབས་སྣ་ཚོགས་སྤེལ་ནས་ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་ཤུགས་སྣོན་དང་ཐབས་ལམ་གསར་གཏོད་བྱས་པར་བརྟེན་ལོ་ཤས་ནང་བཟོ་གྲྭའི་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་ལྡོག་གསར་པ་བྱུང་ཡོད་ལ། ཁུལ་འདི་གའི་ཁེ་ལས་སྡེ་ཚན་ཁག་ལ་བསྒྱུར་བཅོས་བྱ་རྒྱུའི་ཐབས་ལམ་ཡག་པོ་ཞིག་ཀྱང་འཚོལ་ཐུབ་པ་བྱུང་ཡོད།
《རྒྱུན་སྤྱོད་ཡིག་རིགས》ལས། |