1.ཅི་ཞིག་ལ་མི་དམངས་བར་འདུམ་ཟེར།
མི་དམངས་བར་འདུམ་དེ་དམངས་ཁྲོད་ཀྱི་བར་འདུམ་ལ་གཏོགས་པ་རེད། དེ་ནི་ཁྲིམས་ལྟར་བཙུགས་པའི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་གི་མགོ་འཛིན་འོག ཕྱོགས་གཉིས་ཀྱི་དོ་བདག་པ་རང་འདོད་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས། སྤྱི་ཚོགས་སྤྱི་པའི་སྤྱོད་བཟང་བཅས་གཞི་འཛིན་ས་བྱས་ཏེ། དམངས་ཁྲོད་རྩོད་གཞིའི་དོ་བདག་པར་གོ་སྐོན་སློབ་གསོ་དང་ལྕག་འདེབས་ཁྲིད་སྟོན་བྱས་ནས། རྩོད་གཞིའི་ཕྱོགས་སོ་སོས་ཕན་ཚུན་བསམ་ཤེས་བཟོད་བསྲན་བྱེད་པ་དང་། འདྲ་མཉམ་གྱི་སྒོ་ནས་གྲོས་མོལ་བྱེད་པ། རང་འདོད་ཀྱིས་གྲོས་མཐུན་བྱུང་སྟེ་རྩོད་གཞི་སེལ་བར་སྐུལ་བའི་མང་ཚོགས་ཀྱི་རང་སྐྱོང་བྱ་འགུལ་ཞིག་ཡིན།
2.ཅི་ཞིག་ལ་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་ཟེར། དེའི་ལས་འགན་ཅི་ཞིག་ཡིན་ནམ།
མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་ནི་དམངས་ཁྲོད་རྩོད་གཞི་བར་འདུམ་བྱེད་པའི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཡིན། མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་གི་ལས་འགན་ནི།
(གཅིག)དམངས་ཁྲོད་རྩོད་གཞི་བར་འདུམ་བྱེད་པ་དང་། དམངས་ཁྲོད་རྩོད་གཞི་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་པ།
(གཉིས)བར་འདུམ་བྱ་བ་བསྒྲུབས་པ་བརྒྱུད་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་དང་། སྤྱི་དམངས་ཀྱིས་སྒྲིག་བརྩི་ཁྲིམས་སྲུང་དང་སྤྱི་ཚོགས་སྤྱི་པའི་སྤྱོད་བཟང་ལ་བརྩི་བཀུར་བྱེད་པར་སློབ་གསོ་བཏང་ནས། དམངས་ཁྲོད་རྩོད་གཞི་འབྱུང་བར་སྔོན་འགོག་བྱེད་པ།
(གསུམ)སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། གནས་སའི་སྡེ་ཚན། གཞི་རིམ་མི་དམངས་སྲིད་གཞུང་བཅས་ལ་རྩོད་གཞི་དང་བར་འདུམ་བྱ་བའི་གནས་ཚུལ་ཞུ་བ་བཅས་ཡིན།
མི་དམངས་བར་འདུམ་ཀྱི་སྤྱི་པའི་ཁྱབ་ཁོངས་ནི་སྤྱི་དམངས་བར་མི་ལུས་དང་རྒྱུ་ནོར་ལ་འབྲེལ་བའི་ཁེ་དབང་དང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བྱུང་བའི་དམངས་ཁྲོད་རྩོད་གཞི་ཡིན། མིག་སྔར་རྩོད་གཞི་བར་འདུམ་བྱེད་པའི་གཙོ་གནད་ནི།
(1)ཞིང་སྡེའི་ཐོན་སྐྱེད་བདག་གཉེར་རང་བཞིན་གྱི་རྩོད་གཞི་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་རྩོད་གཞི།
(2)ཁེ་ལས་ཀྱིས་བཅོས་སྒྱུར་བྱེད་ཁྲོད་བྱུང་བའི་ལས་རྐང་ལས་བུད་པ་དང་ལས་རྐང་སྒུག་པ་སོགས་ཀྱི་རྩོད་གཞི།
(3)གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་ཉེན་ཡོད་ཁང་པ་རྙིང་བ་སྒྱུར་བཀོད་བྱས་པའི་སྟབས་ཀྱིས་བྱུང་བའི་བཤིག་སྤོ་དང་བཀོད་སྒྲིག འཛེར་སྒྲས་དམངས་ལ་གནོད་རྐྱེན་བཟོ་བ། གཞིས་ཀ་དོ་དམ་བཅས་ཀྱིས་རྩོད་གཞི་བཅས་ཡིན།
3.ཅི་ཞིག་ལ་དམངས་ཁྲོད་རྩོད་གཞི་བར་འདུམ་ཟེར།
དམངས་ཁྲོད་རྩོད་གཞི་ཞེས་པ་ནི་སྤྱི་དམངས་བར་དང་། སྤྱི་དམངས་དང་ཁྲིམས་མི་དང་དེ་མིན་སྤྱི་ཚོགས་རྩ་འཛུགས་གཞན་པ་བར་དམངས་དོན་ཁེ་དབང་དང་འོས་འགན་སྐོར་གྱི་རྩོད་པར་འབྲེལ་བའི་རྩོད་གཞི་སྣ་ཚོགས་ལ་བསྟན་པ་རེད། དཔེར་ན་གཉེན་སྒྲིག་ཁྱིམ་ཚང་དང་ཁྱིམ་མཚེས་བར་གྱི་རྩོད་གཞི། ཞབས་ཏོག་དང་གསོ་སྐྱོང་གི་རྩོད་གཞི། ཁང་གཞིའི་རྩོད་གཞི། གུན་གསབ་འཇལ་བའི་རྩོད་གཞི། ཐོན་སྐྱེད་བདག་གཉེར་རང་བཞིན་གྱི་རྩོད་གཞི་དང་དར་མིན་གནས་བབ་གསར་བའི་འོག་གློ་བུར་དུ་བྱུང་བའི་འབྲེལ་ཡོད་ས་ཞིང་འགན་གཙང་ལེན་དང་། དཔལ་འབྱོར་གན་རྒྱ། འཆར་ལྡན་བུ་སྐྱེ། སྡེ་དོན་དོ་དམ་ཐད་ཀྱི་རྩོད་གཞི། འབྲེལ་ཡོད་ཁེ་ལས་ཀྱིས་སྒྲིག་སྲོལ་སྒྱུར་བ་དང་མ་རྩ་རྡིབ་པ།བོགས་མར་གཏོང་ལེན། ཟླ་སྒྲིལ་དང་བརྒྱུད་བཤུག་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་ངལ་རྩོལ་རྩོད་གླེང་གི་རྩོད་གཞི། འབྲེལ་ཡོད་གྲོང་ཁྱེར་འཛུགས་སྐྲུན་དང་ཉེན་ཡོད་ཁང་པ་རྙིང་བ་སྒྱུར་བཀོད་བྱེད་ཁྲོད་ས་ཞིང་བསྡུས་སྤྱོད་བྱས་ཏེ་བཤིག་སྤོ་བྱེད་པ་དང་། བཀོད་སྒྲིག་ཐད་སྐྱིན་གསབ་འཇལ་བ། འཛེར་སྒྲས་དམངས་ལ་གནོད་རྐྱེན་བཟོ་བ། གཞིས་ཀ་དོ་དམ་བྱེད་པ། ས་ཁང་བདག་ཁོངས་ཉོ་ཚོང་བྱེད་པ་སོགས་ཐད་ཀྱི་རྩོད་གཞི་ལྟ་བུའོ།།
4.མི་དམངས་བར་འདུམ་གྱི་བྱ་བའི་བྱེད་ཕྱོགས་ཅི་ཞིག་ཡིན་ནམ།
མི་དམངས་བར་འདུམ་གྱི་བྱ་བའི་བྱེད་ཕྱོགས་ནི“འདུམ་འགོག་ཟུང་འབྲེལ་བྱེད་པ་དང་སྔོན་འགོག་གཙོར་འཛིན་པ་ཡིན།”“བར་འདུམ”དང“སྔོན་འགོག”ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན་པས། བར་འདུམ་བྱ་བ་ལེགས་སྒྲུབ་བྱས་ན་དོན་རྐྱེན་འཕེལ་བར་ཚོད་འཛིན་དང་། འགལ་བ་དང་རྩོད་གཞི་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱས་ནས། གྱོང་གུན་ཆེན་པོ་འབྱུང་བར་གཡོལ་ཐབས་བྱེད་ཐུབ། སྔོན་འགོག་བྱ་བ་ལེགས་སྒྲུབ་བྱས་ན། དོན་རྐྱེན་མ་བྱུང་སྔོན་ལ་ཟློག་པ་དང་། རྩོད་གཞིས་བཟོས་པའི་གྱོང་གུན་དང་གནོད་རྐྱེན་ཇེ་ཆུང་དང་མེད་པར་གཏོང་ཐུབ། བར་འདུམ་བྱེད་དགོས་ལ་སྔོན་འགོག་ཀྱང་བྱེད་དགོས་པ་མ་ཟད། ད་དུང་བར་འདུམ་བྱེད་པར་རྐང་འཛུགས་པ་དང་སྔོན་འགོག་བྱེད་པར་བསམ་བློ་གཏོང་དགོས། སྔོན་འགོག་བསམ་བློའི་མཛུབ་སྟོན་འོག་བར་འདུམ་བྱེད་པ། བར་འདུམ་བྱེད་ཁྲོད་སྔོན་འགོག་བྱེད་པ་དང་བར་འདུམ་བྱེད་དུས་སྔོན་འགོག་བྱེད་པ། སྔོན་འགོག་བར་འདུམ་ལས་གལ་ཆེན་པོ་ཡིན།
5.མི་དམངས་བར་འདུམ་རྩ་འཛུགས་ཀྱི་གསར་འཛུགས་དང་རྣམ་པ་ཅི་ཞིག་ཡིན།
(1)སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་དུ་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་འཛུགས་དགོས། སྡེ་བ་དང་སྡོད་དམངས་སྡོད་སའི(སྡེ་ཁུལ)མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་ནི་མི་དམངས་བར་འདུམ་རྩ་འཛུགས་ཀྱི་གཞི་རྩའི་རྣམ་པ་ཡིན།
(2)ཞང་བརྡལ་དང་སྲང་ལམ་དུ་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་འཛུགས་དགོས། ཞང་བརྡལ་དང་སྲང་ལམ་གྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་གིས་གཙོ་བོ་སྡེ་བ་དང་སྡོད་དམངས་སྡོད་སའི་བར་འདུམ་ཨུ་ཡོན་ལྷན་ཁང་གིས་བར་འདུམ་བྱེད་མི་ཐུབ་པའི་དཀའ་གནད་དང་རྙོག་འཛིང་གི་དམངས་ཁྲོད་རྩོད་གཞི་དང་། ས་ཁུལ་མི་གཅིག་པའི་བར་དང་སྡེ་ཚན་མི་གཅིག་པའི་བར་དུ་བྱུང་བའི་དམངས་ཁྲོད་རྩོད་གཞི་བར་འདུམ་བྱེད་པ་དང་། མང་ཚོགས་རང་བཞིན་གྱི་དྲག་འཛིང་དང་ཚོགས་སྤྱི་རང་བཞིན་གྱི་གོང་གཏུག་བཀག་འགོག་བྱས་ཏེ། འགལ་བ་དང་རྩོད་གཞི་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱས་ནས། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པ་ཡིན།
(3)ཁེ་དོན་ལས་སྡེ་ཚན་གྱིས་དགོས་མཁོ་གཞིར་བཟུང་སྟེ་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་འཛུགས་དགོས། ཁེ་དོན་ལས་སྡེ་ཚན་གྱི་མི་དམངས་བར་འདུམ་རྩ་འཛུགས་ཀྱིས་ཁེ་ལས་བཅོས་སྒྱུར་བྱེད་པར་ཁག་ཐེག་དང་། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ལས་བཟོ་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་བྱུང་བའི་འགལ་བ་དང་རྩོད་གཞི་སྣ་ཚོགས་འདུམ་སྒྲིག ཁེ་ལས་དང་མཐའ་འཁོར་ས་ཁུལ་གྱི་མང་ཚོགས་བར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བཅས་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།
(4)ས་ཁོངས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་། ས་ཁོངས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་དེ་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་མི་དམངས་བར་འདུམ་བྱ་བ་འཕེལ་རྒྱས་དང་འཐུས་ཚང་གཏོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པ་རེད། ས་ཁོངས་རང་བཞིན་གྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་ནི་དམིགས་བསལ་གྱི་སྲིད་འཛིན་ས་ཁོངས་དང་དམིགས་བསལ་གྱི་ཐོན་སྐྱེད་དང་འཚོ་བའི་ས་ཁུལ་སོགས་སུ་བཙུགས་པའི་མི་དམངས་བར་འདུམ་རྩ་འཛུགས་ལ་བསྟན་པ་རེད། མིག་སྔར་བཙུགས་ཡོད་པའི་ས་ཁོངས་རང་བཞིན་གྱི་བར་འདུམ་ཨུ་ཡོན་ལྷན་ཁང་ལ་ཚོང་འདུས་ཉོ་ཚོང་གི་ཚོང་ར་དང་དཔལ་འབྱོར་གསར་སྤེལ་ས་ཁུལ། ཚོང་ཟོག་བསྡུ་འགྲེམ་ལྟེ་གནས། བཟོ་སྐྲུན་གྱི་ལས་ཡུལ། ངེས་གཏན་མེད་པའི་མི་འདུས་སྡོད་ས་ཁུལ་བཅས་ཀྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་སོགས་འདུས་ཡོད། ལས་རིགས་རང་བཞིན་གྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་ནི་ལས་རིགས་དང་ཚོགས་པའི་རྩ་འཛུགས་སུ་བཙུགས་པའི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་ལ་བསྟན་པ་རེད། དཔེར་ན་ས་ཁང་བདག་ཁོངས་རྩོད་གཞི་ཐད་ཀྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་དང་འཛད་སྤྱོད་མཁན་ལྷན་ཚོགས་ཀྱི་མི་དམངས་བར་འདུམ་ཨུ་ཡོན་ལྷན་ཁང་སོགས་ལྟ་བུའོ།།
6.ཅི་ཞིག་ལ་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཟེར།
ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣ་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཀྱི་བྱ་བ་ནི། ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་འབྲེལ་ཡོད་སྡེ་ཁག་སོ་སོ་དང་སྤྱི་ཚོགས་སྟོབས་ཤུགས་ལ་བརྟེན་ནས། ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣར་དམིགས་ཏེ་སྤེལ་བའི་བཙན་ཤེད་རང་བཞིན་མིན་པའི་ཁྲིད་སྟོན་དང་རོགས་སྐྱོར། སློབ་གསོ། དོ་དམ་བཅས་ཀྱི་བྱ་འགུལ་ཞིག་ཡིན།
བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ཁྱབ་ཁོངས་ལ་འདུས་ཡོད་དེ།(1)ཁྲིམས་ཆད་ཁུར་བ་དང་ངལ་རྩོལ་སློབ་གཅུན་བྱེད་པའི་མི་སྣ་སྤྱི་ཚོགས་སུ་ཕྱིར་མ་ལོག་པའི་སྔོན་ལ་བསམ་བློ་སློབ་གསོ་དང་ལས་ཞུགས་ལག་རྩལ་གསོ་སྐྱོང་བྱེད་པ།(2)ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣའི་ཁྱིམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་དང་བསྡུ་ལེན་སྡེ་ཚན་ལ་གནས་ཚུལ་ངོ་སྤྲོད་དང་འབྲེལ་ཡོད་ཡིག་ཚགས་དང་ཡིག་རིགས་རྩིས་སྤྲོད་བྱེད་པ།(3)ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣ་ལས་ཀར་ཞུགས་པའམ་འཚོ་བ་སྐྱེལ་བའི་གནད་དོན་ཐག་གཅོད་པར་ཁྲིད་སྟོན་དང་རོགས་སྐྱོར་བྱེད་པ།(4)ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པའི་ཕྱོགས་སུ་འགྲོ་བའི་ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣར་རོགས་རམ་དང་སློབ་གསོ་གཏོང་བ་དང་། ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པར་སྔོན་འགོག་བྱེད་པའི་བྱ་ཐབས་དངོས་འབེབས་བྱེད་པ།(5)ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པའི་ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣར་ཁྲིམས་ལྟར་ཉེས་ཆད་ལྗིད་མོ་གཅོད་པ་བཅས་སོ།།
7.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་བྱ་ཡུལ་སུ་ཡིན།
བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་བྱ་ཡུལ་གཙོ་བོ་ནི་ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བའི་ལོ་ལྔའི་ནང་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་ལོ་གསུམ་ནང་དུ་འཚོ་བ་སྐྱེལ་ཐབས་མེད་པ་དང་ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པའི་ཕྱོགས་སུ་འགྲོ་བའི་མི་སྣ་ཡིན། འཚོ་བ་སྐྱེལ་ཐབས་མེད་པའི་མི་སྣ་ནི་སྤྱིར་བཏང་དུ་ཁྱིམ་གཞིས་དང་ལས་ཀ འགྲོ་ས་བཅས་མེད་པའི་གསུམ་མེད་མི་སྣ་ལ་བསྟན་པ་རེད། ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པའི་ཕྱོགས་སུ་འགྲོ་བའི་མི་སྣ་ནི་སྤྱིར་བཏང་དུ་སྒྱུར་བཀོད་བཟང་པོ་བྱས་མེད་པའི་མི་སྣ་དང་། གཏུམ་དྲག་གི་ཉེས་བསགས་དང་སྤྱོད་ངན་ཅུང་ལོབས་དྲག་པ། སློབ་གསོ་ཡང་ཡང་བཏང་ནའང་ཡོ་བསྲང་མི་བྱེད་པ་བཅས་ཀྱི་མི་སྣ་ལ་བསྟན་པ་རེད།
8.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཀྱི་བྱེད་སྒོ་བྱ་བའི་ཁྱབ་ཁོངས་ཅི་ཞིག་ཡིན།
བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཀྱི་བྱེད་སྒོ་བྱ་བའི་ཁྱབ་ཁོངས་ལ་གཙོ་བོ་ཕྱོགསབཞི་འདུས་ཡོད་དེ།
དང་པོ། ཁྲིམས་ཆད་ཁུར་བ་དང་ངལ་རྩོལ་སློབ་གཅུན་བྱེད་བཞིན་པའི་མི་སྣ་སྤྱི་ཚོགས་སུ་ཕྱིར་ལོག་པའི་སྔོན་ལ་བསམ་བློ་སློབ་གསོ་དང་ལས་ཞུགས་ལག་རྩལ་གསོ་སྐྱོང་བྱེད་པ།
གཉིས་པ། ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣའི་ཁྱིམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་དང་བསྡུ་ལེན་སྡེ་ཚན་ལ་གནས་ཚུལ་ངོ་སྤྲོད་དང་འབྲེལ་ཡོད་ཡིག་ཚགས་དང་ཡིག་རིགས་རྩིས་སྤྲོད་བྱེད་པ།
གསུམ་པ། ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣ་ལས་ཀར་ཞུགས་པའམ་འཚོ་བ་སྐྱེལ་བའི་གནད་དོན་ཐག་གཅོད་པར་ཁྲིད་སྟོན་དང་རོགས་སྐྱོར་བྱེད་པ།
བཞི་བ། ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པའི་ཕྱོགས་སུ་འགྲོ་བའི་ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣར་རོགས་རམ་དང་སློབ་གསོ་གཏོང་བ་དང་། ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པར་སྔོན་འགོག་བྱེད་པའི་བྱ་ཐབས་དངོས་འབེབས་བྱེད་པ་བཅས་སོ།།
9.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ལས་འགན་གང་དག་ཡོད་དམ།
བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ལས་འགན་དེ་འབྲེལ་ཡོད་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་ཡོངས་འགྲུབ་བྱས་པ་རེད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ནི་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་རྩ་འཛུགས་འགོ་ཁྲིད་པ་ཡིན་པ་དང་། རྩ་འཛུགས་དང་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད། སྤྱི་བདེ་དང་ཁྲིམས་འཛིན། དམངས་སྲིད།ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་། བཟོ་ཚོང་།ཁྲལ་དོན།ནོར་སྲིད། དངུལ་ལོར། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས།གུང་གཞོན་ཚོགས་པ་སོགས་ནི་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བ་སྒྲུབ་པའི་འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན་པ་དང་། བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ལས་འགན་གཙོ་བོ་འཁུར་བཞིན་ཡོད། བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ཁྲོད་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ལས་འགན་ནི། 1.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བར་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཞིབ་འཇུག་བྱེད་པ་དང་ཟིན་བྲིས་འགོད་པ། 2.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་འཆར་གཞི་དང་འཕེལ་རྒྱས་འཆར་འགོད་གཏན་འབེབས་བྱེད་པ། 3.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་འཆར་གཞི་ལག་བསྟར་བྱེད་པར་རྩ་འཛུགས་བྱེད་པ། 4.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་དངོས་འབེབས་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པ། 5.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་གནང་བ། 6.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་གནས་ཚུལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པ། 7.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བ་སྒྲུབ་པར་མཛུབ་སྟོན་བྱེད་པ། 8.བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བའི་ཁྲོད་གནས་ཡོད་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། 9.ཁྲིམས་ཆད་ཁུར་བ་དང་ངལ་རྩོལ་སློབ་གཅུན་བྱེད་བཞིན་པ། དེ་མིན་ཁྲིམས་ཆད་ཀྱི་དུས་ཚོད་ལོངས་ནས་བཙོན་འགྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བ་བཅས་ཀྱི་མི་སྣར་བཅའ་ཁྲིམས་སློབ་གསོ་དང་ངལ་རྩོལ་ལག་རྩལ་གསོ་སྐྱོང་བྱེད་པའི་བྱ་བ་རྩ་འཛུགས་དང་ཁྱབ་སྤེལ་བྱེད་པ། 10.བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་ལས་ཁུངས་གསར་འཛུགས་བྱེད་པ། 11.བཀོད་སྒྲིག་བྱ་བ་སྒྲུབ་པ། 12.འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཐུན་སྦྱོར་བྱས་ཏེ་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་བྱ་བ་མཉམ་དུ་སྒྲུབ་པ་བཅས་ཡིན།
10.ཅི་ཞིག་ལ་སྡེ་ཁུལ་ནས་ཡོ་བསྲང་བྱེད་པ་ཟེར།
སྡེ་ཁུལ་ནས་ཡོ་བསྲང་བྱེད་པ་ནི་སྡེ་ཁུལ་གྱི་ཡོ་བསྲང་ཆ་རྐྱེན་དང་མཐུན་པའི་ཉེས་ཅན་སྡེ་ཁུལ་ནང་དུ་བཞག་ནས། འབྲེལ་ཡོད་སྤྱི་ཚོགས་ཚོགས་པ་དང་དམངས་ཁྲོད་རྩ་འཛུགས། དེ་མིན་སྤྱི་ཚོགས་དང་བླངས་བྱེད་མཁན་བཅས་ཀྱི་རོགས་སྐྱོར་འོག ཆེད་དམིགས་རྒྱལ་ཁང་ལས་ཁུངས་ཀྱིས་དེའི་ཉེས་བསགས་སེམས་ཁམས་དང་གོམས་ལོབས་ངན་པ་ཡོ་བསྲང་བྱས་ཏེ། དེ་སྤྱི་ཚོགས་སུ་བདེ་བླག་ངང་ལོག་པར་སྐུལ་བའི་བཀག་སྐྱིལ་ཉེས་ཆད་མིན་པའི་ལག་བསྟར་བྱ་འགུལ་ཡིན།
11.སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་དམིགས་འབེན་ཅི་ཞིག་ཡིན།
སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་དམིགས་འབེན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྲོལ་ལ་ཤུགས་སྣོན་དང་འཐུས་ཚང་གཏོང་བ་དང་། ཏང་གི་ཉེས་ཅན་ལ་སློབ་གསོ་དང་སྒྱུར་བཀོད་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་པ། ཉེས་བསགས་ཉུང་འཕྲི་དང་སྔོན་འགོག་བྱས་ཏེ། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པ་དང་། འགལ་རྐྱེན་དེ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དུ་བསྒྱུར་ནས། སྤྱི་ཚོགས་ཀྱི་ཡུན་རིང་བརྟན་གནས་བདེ་འགོད་མངོན་འགྱུར་བྱེད་པ་ཡིན།
12.སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་ལས་འགན་ཅི་ཞིག་ཡིན་ནམ།
སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་ལས་འགན་ནི། གཅིག་ནི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ལམ་བཅས་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར། སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་བའི་མི་སྣར་དོ་དམ་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། ཉེས་ཆད་བདེ་བླག་ངང་ལག་བསྟར་བྱེད་་པར་ཁག་ཐེག་བྱེད་པ་ཡིན། གཉིས་ནི་རྣམ་པ་སྣ་ཚོགས་སྤྱད་དེ་སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་བའི་མི་སྣར་བསམ་བློ་སློབ་གསོ་དང་ཁྲིམས་ལུགས་སློབ་གསོ། ཀུན་སྐྱོད་སློབ་གསོ་བཅས་གཏོང་བ་དང་། དེའི་སེམས་ཁམས་དང་བྱ་སྤྱོད་ངན་པ་ཡོ་བསྲང་བྱས་ཏེ། དེ་ཁྲིམས་སྲུང་བའི་སྤྱི་དམངས་དུ་འགྱུར་བར་སྐུལ་བ་ཡིན།གསུམ་ནི་སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་བའི་མི་སྣ་བཅའ་ཁྲིམས་དང་འཚོ་བ། སེམས་ཁམས་སོགས་ཐད་དུ་ཐུག་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་པར་རོགས་བྱས་ཏེ། དེ་སྤྱི་ཚོགས་ཀྱི་འཚོ་བ་དང་བདེ་བླག་ངང་མཐུན་པར་ཕན་ཐོགས་ཡོད།
13.སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་སྤྱད་འཐུས་ཀྱི་ཁྱབ་ཁོངས་གང་དག་ཡོད་དམ།
རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར། སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་སྤྱད་འཐུས་ཀྱི་ཁྱབ་ཁོངས་ལ་གཙོ་བོ་གཤམ་གསལ་གྱི་ཉེས་ཅན5འདུས་ཡོད་དེ།
1.རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་བཅད་པ།
2.ཁྲིམས་ཆད་ཕྱིར་འགྱངས་པ་ཁྱབ་བསྒྲགས་བྱས་པ།
3.བཙོན་ཁང་ཕྱིར་ཉེས་ཆད་གནས་སྐབས་ལག་བསྟར་བྱས་པ་དང་། དེར་བྱེ་བྲག་ཏུ་འདུས་ཡོད་དེ། (1)ནད་རིགས་ཚབས་ཆེན་ཕོག་དུས་བཙོན་ཁང་ཕྱིར་སྨན་བཅོས་བྱེད་རྒྱུ་འགན་ལེན་བྱེད་དགོས་པ། (2)མངལ་ཆགས་པའམ་རང་ཉིད་ཀྱི་ཕྲུ་གུ་དམར་འབྱར་ལ་འོ་མ་སྣུན་བཞིན་པའི་བུད་མེད།(3)འཚོ་བའི་ཐད་རང་དོན་རང་སྒྲུབ་བྱེད་མི་ཐུབ་པ་དང་། བཙོན་ཁང་ཕྱིར་ཉེས་ཆད་གནས་སྐབས་ལག་བསྟར་བྱེད་པར་སྤྱད་འཐུས་ཡིན་པའི་སྟབས་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་མི་གཏོང་བ།
4.དངོས་མིན་བཙོན་འགྲོལ་གྱི་ཁྲིམས་ཐག་བཅད་པ།
5.ཆབ་སྲིད་ཐད་ཀྱི་ཁེ་དབང་མེད་པར་བཟོ་བ་མ་ཟད། ད་དུང་སྤྱི་ཚོགས་སུ་ཁྲིམས་ཆད་ཁུར་བ་བཅས་སོ།།
14.ཆེད་ལས་ཡོ་བསྲང་བྱེད་པའི་དཔུང་སྡེ་མི་གང་དག་ལས་འགྲུབ་དགོས་སམ།འགན་འཁྲི་ཅི་ཞིག་ཡིན།
ཆེད་ལས་ཡོ་བསྲང་བྱེད་མཁན་ལ་ཁྲིམས་འཛིན་ལས་རོགས་པ་དང་བཙོན་ཁང་ནས་འཐེན་པའི་ཉེན་རྟོག་པ་འདུས་ཡོད། ཁྲིམས་འཛིན་ལས་རོགས་པའི་འགན་འཁྲི་ནི། ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་བཏང་སྟེ་ཡོ་བསྲང་བྱེད་པ་དང་། སྤྱི་ཚོགས་དང་བླངས་བྱེད་མཁན་རྩ་འཛུགས་བྱས་ནས་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་བྱེད་རོགས། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་ལས་ཞུགས་དང་འཚོ་བ་སོགས་ཐད་ཀྱི་དཀའ་ངལ་ཐག་གཅོད་པ་ཡིན།
བཙོན་ཁང་གི་ཉེན་རྟོག་པའི་འགན་འཁྲི་ནི། ཁྲིམས་འཛིན་ལས་རོགས་པས་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་བཏང་སྟེ་ཡོ་བསྲང་བྱེད་པའི་བྱ་བ་སྒྲུབ་པར་རོགས་ལས་བྱེད་པ་དང་། ཡོ་བསྲང་བྱ་ཡུལ་གྱིས་རང་ཉེས་ངོས་ལེན་དང་སློབ་སྦྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དཔྱད་ཞིབ་བྱས་ཏེ། བྱ་དགའ་གནང་བ་དང་ཆད་པ་གཅོད་པའི་གྲོས་གཞི་འདོན་ཞིང་། སྤྱི་བདེ་ལས་ཁུངས་ཀྱིས་ཡང་བསྐྱར་ཁྲིམས་དང་འགལ་ནས་ནག་ཉེས་བསགས་པའི་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་ལྟར་ཐག་གཅོད་པར་རོགས་ལས་བྱེད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ལྟ་སྐུལ་ཚོད་འཛིན་བྱེད་པ་ལས་བྲོས་བྱོལ་བྱས་པའི་ཡོ་བསྲང་བྱ་ཡུལ་འཛིན་པར་རོགས་ལས་བྱེད་པ་ཡིན།
15.སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་དོན་དངོས་ཅི་ཞིག་ཡིན་ནམ།
(1)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཉེས་ཆད་ལམ་ལུགས་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྲུན་ཧུར་ཐག་གིས་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་འགྲོ་བ་མིའི་རིགས་དཔལ་ཡོན་ཡར་ཐོན་ཡོང་བའི་དགོས་མཁོ་མཚོན་པ་གང་ལེགས་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པ།
(2)བཀག་སྐྱིལ་ལམ་མུ་མཐུད་དུ་བཀག་སྐྱིལ་བྱེད་མི་དགོས་པ་དང་བཀག་སྐྱིལ་ལམ་མུ་མཐུད་དུ་བཀག་སྐྱིལ་བྱེད་པ་དང་མི་མཐུན་པའི་ཉེས་ཅན་དེ་དག་ལ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྤྱི་ཚོགས་ཅན་གྱི་ཡོ་བསྲང་བྱེད་ཐབས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་ཕྱོགས་སོ་སོའི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་གསོ་དང་སྒྱུར་བཀོད་བྱེད་པའི་སྤུས་ཚད་མཐོར་འདེགས་གཏོང་བ། ཚད་ཆེ་ཤོས་ཀྱིས་འགལ་རྐྱེན་དེ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དུ་བསྒྱུར་ནས། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པ།
(3)ཉེས་ཆད་ལག་ཏུ་བསྟར་བའི་ཐོན་ཁུངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། བཀག་སྐྱིལ་བྱས་ཏེ་ཡོ་བསྲང་དང་སྡེ་ཁུལ་ནས་ཡོ་བསྲང་བྱེད་པའི་ཉེས་ཆད་ལག་བསྟར་བྱེད་སྟངས་གཉིས་ཕན་ཚུན་གཞོགས་འདེགས་བྱེད་དུ་བཅུག་ནས། ཉེས་ཆད་ལག་བསྟར་བྱེད་པའི་ནུས་པ་ཇེ་དྲག་དང་ཉེས་ཆད་ལག་བསྟར་བྱེད་པའི་མ་གནས་ཇེ་དམའ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་བཅས་སོ།། |