ཉེ་ལམ། མགོ་ལོག་ཁུལ་གྱིས་གཙང་གསུམ་མགོ་ཁུངས་བཟོ་བཀོད་ལས་ཁག་འཛུགས་བསྐྲུན་གྱི་ལས་ཚད་བཀོད་སྒྲིག་ཚོགས་འདུ་ཚོགས་ཤིང་། ཁུལ་ཡོངས་ཀྱི་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་བསྐྲུན་བཟོ་བཀོད་ཀྱི་ལས་ཚད་གནས་ཚུལ་བརྡ་ཁྱབ་སྤེལ་བར་མ་ཟད། བཟོ་བཀོད་ལག་བསྟར་བྱ་བར་འཕྲད་ཡོད་པའི་གནས་བབ་ལ་དབྱེ་ཞིབ་དང་བཀོད་སྒྲིག་བརྒྱབ། ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་དབྱང་ཡེན་ཚོགས་འདུ་ལ་ཞུགས་ཤིང་གསུང་བཤད་གནངས།
ཚོགས་འདུའི་བླང་བྱ་ལ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་བསྐྲུན་བཟོ་བཀོད་བྱ་བར་འཕྲད་ཡོད་པའི་གནས་བབ་ལ་ནན་ཏན་གྱིས་དབྱེ་ཞིབ་བྱེད་པ་དང་། བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་། ཞིང་ཆེན་སྲིད་གཞུང་གི་རེ་འདོད་ལྟར་སྐྱོན་དཔྱོད་ཆད་སྐོང་དང་རང་བཤེར་རང་བཅོས་བྱས་ནས། ལས་ཁག་ལག་བསྟར་ནང་གི་ཚད་ལྡན་མིན་པ་དང་རྒྱུ་སྤུས་ཞན་པའི་གནད་དོན་བཅོས་བསྒྱུར་ལེགས་པོ་བྱེད་དགོས།
ཚོགས་འདུས་ནན་གྱིས་བསྟན་དོན། རང་ཁུལ་གཙང་གསུམ་མགོ་ཁུངས་ཀྱི་བཟོ་བཀོད་འཛུགས་བསྐྲུན་བྱ་བར་དཀའ་ཁག་ཆེ་ལ་བཟོ་བསྐྲུན་གྱི་དུས་ཡུན་ཐུང་བ་དང་། འཛུགས་བསྐྲུན་གྱི་ལས་འགན་ལྕི་བའི་མི་ཚད། ད་ལོ་ཆུ་ལོག་གི་གནོད་འཚེ་སོགས་ཡང་ལོ་སྔོན་མ་དག་ལས་ཅུང་མང་སྟབས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བཟོ་བཀོད་འཛུགས་བསྐྲུན་གྱི་དོ་དམ་ལ་སྟོབས་ཤུགས་ཡོད་དགུ་འདོན་དགོས་པ་དང་། ལུང་འཛིན་རིང་ལུགས་དང་དཔེ་དེབ་རིང་ལུགས་རྩ་བ་ནས་དོར་ཏེ་བཟོ་བཀོད་འཛུགས་བསྐྲུན་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས། པདྨ་དང་གཅིག་སྒྲིལ་གཉིས་ཀྱི་སྐྱེ་ཁམས་སྤོར་དམངས་དང་གྲོང་རྡལ་ཆུང་ངུའི་འཛུགས་བསྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ལོ་མཇུག་ལ་སྤོར་དམངས་མང་ཚོགས་ཁྱིམ་གཞི་གསར་བའི་ནང་དུ་སྤོ་སྡོད་བྱེད་དུ་འཇུག་དགོས། སྡེ་ཁག་སོ་སོས་བྱ་བའི་ཤུགས་ཚད་དོན་དངོས་སུ་ཆེ་རུ་གཏོང་བ་དང་། སྡེ་ཁག་བར་དུ་མཐུན་སྦྱོར་དང་མཉམ་འབྲེལ་བྱེད་དགོས་ལ། རང་འགན་རང་བསྒྲུབ་དང་གང་ནུས་ཅི་ལྕོག་གིས་རང་ཁུལ་གྱི་གཙང་གསུམ་མགོ་ཁུངས་བཟོ་བཀོད་ཀྱི་འཛུགས་བསྐྲུན་ཉིན་རེར་ཡར་རྒྱས་ཡོང་བར་བྱས་ནས་ད་ལོའི་དམིགས་ཚད་ལས་འགན་ཡོངས་སུ་འགྲུབ་པར་བྱེད་དགོས།
ཡིག་བསྒྱུར་པ། འབྲུག་བྱམས་རྒྱལ། འགྱུར་ཞུས་པ། མཚོ་སྐྱེས་རྡོ་རྗེ། |