མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་མི་གྲངས་ཐར་ཐོར་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། གནོད་འགོག་གནོད་སེལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་བལྟོས་བཅོས་ཀྱིས་ཅུང་ཞན་པ་སོགས་རྒྱུ་རྐྱེན་གྱིས་བཟོས་པའི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གནོད་སེལ་གྲོན་དངུལ་དང་དེ་མིན་དངོས་རྫས་འགན་སྲུང་བྱ་བ་དཀའ་ཁག་ཆེ་བའི་གནད་དོན་ཐག་གཅོད་པ་དང་། སྔར་ལས་བཟང་བོའི་སྒོ་ནས་ས་ཁུལ་དེར་གློ་བུར་དུ་བྱུང་བའི་གནོད་འཚེ་ལ་ཁ་གཏད་འཇལ་བ། གནོད་འཚེ་འགོག་པའི་ནུས་བ་ཇེ་དྲག་ཏུ་གཏོང་བ་དང་། གནོད་སེལ་མྱུར་མཁོ་མྱུར་སྒྲུབ་ཀྱི་དངོས་རྫས་གསོག་འཇོག་ནུས་བ་ཇེ་མཐོར་གཏོང་བ། དུས་ཚོད་ཉེར་བཞིའི་ནང་དུ་གནོད་སེལ་དངོས་རྫས་དུས་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ད་ཡོད་ཀྱི་གསོག་འཇོག་རྨང་གཞིའི་སྟེང་། མགོ་ལོག་དང་། ཡུས་ཧྲུའུ་ཁུལ་གཉིས་རིམ་པའི་མཛོད་ཁང་དང་། རྫོང་བཅུ་གཉིས་རིམ་པའི་མཛོད་ཁང་། ཞང་བཅོ་ལྔ་རིམ་པའི་མཛོད་ཁང་བཅས་བསྡོམས་པས་གནོད་སེལ་དངོས་རྫས་གསོག་འཇོག་མཛོད་ཁང་ཉེར་དགུར་སྤྱིའི་རིན་ཐང་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཉིས་ཁྲི་གསུམ་སྟོང་གཅིག་ལྷག་གི་དགུན་ལྭ་དང་། དགུན་ལྷམ། དགུན་ཞྭ། སྦྲ་གུར་སོགས་ཞིང་ཆེན་རིམ་པའི་གནོད་སེལ་གསོག་འཇོག་དངོས་རྫས་སྟེར་རྒྱུ་ཐག་བཅད།
རྒུད་སྐྱོབ་དངོས་རྫས་དེ་དག་གིས་ཕྱིན་ཆད་རང་བྱུང་གནོད་འཚེ་བྱུང་ན་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་པར་ནུས་བ་གལ་ཆེན་འདོན་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཞིང་ཆེན་དམངས་སྲིད་ཐིན་གྱིས་མྱུར་དུ་གནོད་སེལ་གྱི་ཕྱེ་སྤྱི་རྒྱ་བདུན་བརྒྱ་དང་ལྔ་བཅུ་སྐྱེལ་འདྲེན་བྱས་ནས། ས་གནས་སོ་སོར་ན་ནིང་ཁངས་གནོད་ཐེབས་པ་དང་། ཆུ་ལོག་བྱུང་བ། ས་འགུལ་བྱུང་བ་བཅས་ཀྱིས་བཟོས་བའི་གནོད་འཚེ་ཐེབས་པའི་རོང་འབྲོག་མང་ཚོགས་ཀྱི་དཔྱིད་ཀའི་མུ་གེའི་སྐབས་ཀྱི་འབྲུ་རིགས་དཀོན་པའི་གནད་དོན་ཐག་གཅོད་རོགས་བྱེད་རྒྱུ་མ་ཟད། ཕྱིན་ཆད་གློ་བུར་དུ་འབྱུང་བའི་གནོད་འཚེས་བཟོ་བའི་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་ལ་རོགས་སྐྱོར་བྱེད་པར་ལྟ་རྟོག་བྱེད་རྒྱུ་རེད།
ལོ་ཙཱ་བ། བདེ་སྐྱིད་འཚོ། |