ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིན་ཧེ་རྫོང་དང་གུང་ཧོ་རྫོང་དུ་གླ་རིན་དམའ་བའི་ཁང་བ་དང་སྤྱིལ་བུའི་སྡོད་ཁང་། གནས་སྤོར་འབྲོག་དམངས་ཀྱི་གཏན་སྡོད་བཟོ་སྐྲུན། མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པ་སོགས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་མཁར་གྲོང་དང་ཞིང་སྡེ་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། རང་ཞིང་གི་མ་འོངས་བའི་དཔལ་འབྱོར་སྤྱི་ཚོགས་བརྟན་འཇགས་དང་ཅུང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་ཡིན་པར་མ་ཟད། སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་འགྱུར་བ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཁག་ཐེག་ཀྱང་ཡིན། ཁག་ཐེག་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པ་དེ་མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དམངས་སེམས་ཀྱི་བཟོ་སྐྲུན་གཙོ་བོ་ཞིག་ཀྱང་ཡིན་པས། མི་དམངས་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བྱེད་པར་ཕན་ནུས་གལ་ཆེན་ལྡན། དེ་བས་ས་གནས་སྲིད་གཞུང་གིས་ངེས་པར་དུ་སེམས་ཞིབ་མོས་རྩ་འཛུགས་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁག་ཐེག་རང་བཞིན་གྱི་སྡོད་ཁང་སྲིད་ཇུས་ལག་བསྟར་བཟང་བོ་བཅས་བྱས་ནས་མཁར་གྲོང་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ། |