ཞིང་ཆེན་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི་ཞང་དང་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱས་པ་དང་། 2010ལོའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ། ལོ་ཧྲིལ་བོའི་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་ད་ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་ལག་བསྟར་བྱས་པའི་གནས་ཚུལ་དང་། ད་ལོའི་ལོ་སྨད་ཀྱི་བྱ་བ་བཀོད་སྒྲིག་བྱས། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་དང་མཚོ་ཤར་ས་ཁུལ་ཏང་ཨུ། མཚོ་ལྷོ་ཁུལ་སྲིད་གཞུང་། མཚོ་བྱང་ཁུལ་སྲིད་གཞུང་བཅས་ཀྱིས་སོ་སོར་ཤུགས་ཆེན་པོས་གླ་རིན་དམའ་བའི་ཁང་བ་འཛུགས་སྐྲུན་དང་། ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ནན་ཏན་གྱིས་མཁར་གྲོང་འདུས་སྡེ་བསྒྱུར་བཀོད་བྱེད་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་དཔལ་འབྱོར་དང་འཚམ་པར་བཀོད་སྤྱོད་བྱེད་པའི་ཁང་བ་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་ཞང་སྡེའི་ཉེན་ཁ་ཆེ་བའི་ཁང་བ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ། རྩྭ་ཆུར་སྙེགས་པའི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པ་བཅས་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཞིང་ཆེན་སྲིད་གཞུང་དང་ཁུལ། ཏིས། གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས2010ལོའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད།
ཚོགས་ཐོག་ཏུ་ཞོས་ཧྥུ་ཧྲུན་གྱིས་རང་ཞིང་གི་ཞང་དང་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་དེ་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་གྱི་སྤྱིའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན་བཅས་སྔར་ལས་ལྷག་པར་གཏན་ཁེལ་གསལ་བོ་བྱས་པར་མ་ཟད། ཤུགས་ཆེན་པོས་སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྲུན་དང་རིམ་པ་མང་བོའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་པ་སོགས་ཀྱི་ཐད་ལ་རེ་བ་གསལ་བོ་བཏོན།
ལོ་ཙཱ་བ། ཤ་བོ་སྐྱབས། |