ཞིང་ཆེན་ཏང་ཨུ་ཡིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གནས་ཚུལ་ཁྱབ་སྒྲོག་བྱས་པར་མ་ཟད། ཚང་མས་རང་ཞིང་གི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཁྲང་ཆིན། ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་ཕུའུ་བུན་ཁྲིན། དེ་མིན་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ཐད་ཀྱི་འཐུས་མི། མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་བསྡོམས་པས་མི་ཞེ་གཅིག་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་འགན་ཁུར་བས་འཐུས་མི་རྣམས་ལ་རང་ཞིང་གི་ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་གནས་ཚུལ་དང་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱས་པའི་གནས་ཚུལ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས་པའི་གནས་ཚུལ། གནས་པའི་གནད་དོན། དེ་མིན་ཕྱིན་ཆད་ཀྱི་བྱ་བའི་བསམ་ཕྱོགས་བཅས་ཁྱབ་སྒྲོག་བྱས་པ་དང་། འཐུས་མི་རྣམས་ཀྱིས་རང་ཞིང་གི་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱ་བར་དམིགས་ནས་བསམ་འཆར་དང་གྲོས་གཞི་གང་མང་བཏོན།
བཞུགས་མོལ་ཚོགས་འདུའི་སྟེང་ཀྲང་ཀོང་རོང་གིས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནམ་ཡིན་ཡང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱ་བ་དེ་ཆེས་རྩ་བའི་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་དེ་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་བྱ་བ་སྒྲུབ་པ་བརྒྱུད་ནས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ། |