ཞིང་ཆེན་དམངས་སྲིད་ཐིན་གཞི་རིམ་དུ་བསྐྱོད་པའི་བྱ་བའི་ཚན་ཆུང་གིས་སེམས་ཞིབ་མོས་བཀོད་སྒྲིག་འོག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་བརྡལ་གྱི་སྡེ་བ་གཉིས་པའི་ཐུབ་ལྷ་དང་། དཔལ་མཚོ། ཨ་བུ་རྒྱལ་རུ། མཁའ་སྐར་མཚོ་མོ། ཟླ་སྒྲོལ་བཅས་སྡེ་མི་ལྔ་ལ་མཆིན་པའི་སྲིན་ནད་བྱུང་ཡོད་པ་ཤེས་རྗེས། དེ་དག་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་ཡུལ་གྱི་དབུལ་ཕོངས་སྡེ་བའི་སྨན་བཅོས་རོགས་སྐྱོར་བྱེད་ཡུལ་དུ་བཞག་སྟེ། ད་ལྟ་རིམ་བཞིན་ཟི་ལིང་གྲོང་ཁྱེར་དུ་སྨན་བཅོས་བྱེད་བཞིན་ཡོད།
ད་ལོའི་ཟླ་གསུམ་པ་ནས་བཟུང་། ཞིང་ཆེན་དམངས་སྲིད་ཐིན་གྱི་གཞི་རིམ་དུ་བསྐྱོད་པའི་བྱ་བའི་ཚན་ཁག་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་འདུ་རྫོང་དྲིན་ཆེན་གྲོང་བརྡལ་སྡེ་བ་གཉིས་བར་སོང་ནས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་རྟོག་དཔྱོད་ཞིབ་འཇུག་བྱེད་སྐབས། ཁོ་ཚོས་དབུལ་ཕོངས་ཀྱི་དབང་གིས་སྡེ་བ་དེའི་འབྲོག་པ་མང་ཚོགས་ཁག་ཅིག་ལ་དུས་ཡུན་རིང་བོར་མཆིན་པའི་སྲིན་ནད་དང་མཁྲིས་སྐྲན་སོགས་ཀྱི་ནད་བྱུང་ནས་ཕན་ཡོད་ཀྱི་སྨན་བཅོས་བྱེད་མི་ཐུབ་པའི་གནས་ཚུལ་ཤེས་རྗེས། མྱུར་དུ་གྲོང་བརྡལ་ཏང་ཨུ་དང་སྲིད་གཞུང་། གྲོང་བརྡལ་འཕྲོད་བསྟེན་ཁང་བཅས་དང་མཐུན་སྦྱོར་བྱས་ནས། གྲོང་བརྡལ་དང་སྡེ་བའི་ད་ཡོད་ཀྱི་སྨན་བཅོས་སྒྲིག་ཆས་དང་རྒྱུན་མཐོང་ནད་རིགས་བཅས་ལ་ཁྱབ་བཤེར་དང་། དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩིའི་བདེ་ཐང་གནས་ཚུལ་སོགས་ཤེས་པར་བྱས་ཏེ། དུས་ཐོག་ཏུ་རྫོང་འཕྲོད་སྟེན་ཅུའུ་དང་རྫོང་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཁང་གཉིས་ལ་འབྲེལ་འདྲིས་སྒོས་གྲོས་མཐུན་བཀོད་དེ། དམངས་སྲིད་སྡེ་ཁག་གིས་རྒྱུན་མཐོང་གི་ནད་རིགས་ལ་སྨན་བཅོས་རོགས་སྐྱོར་བྱེད་པ་ལག་ལེན་དུ་བསྟར་རྒྱུའི་ཞིང་ཆེན་རིམ་པའི་ཁ་གཏད་སྨན་ཁང་དུ་ཁྲི་འདུ་རྫོང་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་བཞག་ནས། དབུལ་ཕོངས་མང་ཚོགས་ལ་འཕྲོད་བསྟེན་སྡེ་ཁག་གི་ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་བསྡུར་ཚད་ལྟར་རོགས་སྐྱོར་བྱེད་རྒྱུ་ལས་གཞན། ད་རུང་དམངས་སྲིད་སྡེ་ཁག་གིས་ཆེས་དབུལ་ཕོངས་ཡིན་པའི་མང་ཚོགས་ལ་ནད་ལྗིད་མོ་ཕོག་ན་སྨན་བཅོས་ཐད་ནས་རོགས་སྐྱོར་ཐུབ་པར་འགན་སྲུང་བྱས།
ལོ་ཙཱ་བ། ཤ་བོ་སྐྱབས། |