ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། “མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་ཐའེ་ཝན་ནས་སྤེལ་སྐབས། ཀྲུང་གོ་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་བུའུ་པིའོ་ཞུང་དང་ཀྲུའུ་ཞི་གཞོན་པ་ཅང་ཞའོ་ཡུས་གཉིས་ཀྱིས་སྔ་གཞུག་ཏུ་ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་སོགས་ལ་ཐུག་འཕྲད་བྱས།
ཐུག་འཕྲད་བྱེད་སྐབས། བུའུ་པིའོ་ཞུང་གིས་བཤད་རྒྱུར། ཐའེ་ཝན་དང་མཚོ་སྔོན་གཉིས་ཀྱི་བར་རྒྱང་ཐག་རིང་ན་ཡང་། ཐེངས་འདིའི“མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་དེས་མཚོ་སྔོན་དང་ཐའེ་ཝན་གཉིས་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྔར་ལས་གཙིགས་སུ་འཛིན་པ་ལས་གཞན། རིག་གནས་དང་གནས་སྐོར་ཕྱོགས་ཀྱི་འགྲོ་འོང་ཡོངས་ཁྱབ་ཏུ་ཇེ་མང་དུ་གཏོང་བར་ངས་རེ་བ་བྱེད་བཞིན་ཡོད་ཟེར།
ཅང་ཞའོ་ཡུས་ཀྱིས་ཝང་ལིན་ཅུན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། “མཛེས་སྡུག་གི་མཚོ་སྔོན་ཐའེ་ཝན་ལ་བསྐྱོད་པ”ཞེས་པའི་བྱ་འགུལ་དེས་ཐའེ་ཝན་མི་དམངས་ཀྱིས་ནང་ལོགས་ལ་སྔར་ལས་རྒྱུས་ལོན་བྱས་པར་མ་ཟད། ཐའེ་ཝན་མི་དམངས་ཀྱིས་ས་བབ་དང་ཁོར་ཡུག་ཐུན་མོང་མ་ཡིན་པ་དང་། རང་བྱུང་ཡུལ་ལྗོངས་ཧ་ཅང་མཛེས་པའི་མཚོ་སྔོན་ལ་རྒྱུས་ལོན་བྱས། ད་ལྟ་ཐའེ་ཝན་གྱི་ཚོང་བས་མཚོ་སྔོན་ལ་དངུལ་གཏོང་བྱེད་བཞིན་ཡོད་པས། ཕྱིན་ཆད་མཚོ་སྔོན་དང་ཐའེ་ཝན་ས་ཁུལ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་སྔར་ལས་ཇེ་དམ་དུ་འགྲོ་ངེས་ཡིན་ཟེར།
ཝང་ལིན་ཅུན་གྱིས་ཀྲུང་གོ་གོ་མིན་ཏང་གི་མཐོ་རིམ་མགོ་ཁྲིད་པ་གཉིས་ལ་ཐུག་འཕྲད་བྱེད་སྐབས། མཚོ་སྔོན་གྱི་ས་བབ་དང་དཔལ་འབྱོར། རིག་གནས། གནས་སྐོར། མི་རིགས་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་པར་མ་ཟད། མཚོ་སྔོན་མི་དམངས་ཀྱི་ཚབ་བྱས་ཏེ་ཐའེ་ཝན་གྱི་མཛའ་མཐུན་མི་སྣར་ལྷག་བསམ་རྣམ་དག་སྒོས་གདན་འདྲེན་ཞུས་པ་དང་། ཁྱེད་ཚོར་གོ་སྐབས་རེ་ཡོད་ན་མཚོ་སྔོན་ལ་ཡོང་ནས་ཡུལ་དངོས་སུ་རྟོག་ཞིབ་དང་ལྟ་སྐོར་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།
ལོ་ཙཱ་བ། ཞའོ་ཡན། |