རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་དང་དུ་བླངས་ཏེ་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་ཁ་སང་ཆེད་བཏང་གནམ་གྲུར་བསྡད་ནས་ཕྱིར་ཟི་ལིང་དུ་ཐོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རིན་ཆིན་རྒྱལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཞའོ། སངས་རྒྱས། དབང་མོ། ཧྲིན་ཀྲང་གཞོན་པ་ཧི་ཐིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཀྲུང་པོ་བཅས་གནམ་གྲུ་ཐང་དུ་ཁོ་ཚོར་བསུ་བ་བྱེད་པར་སོང་།
གྲོས་ཚོགས་ཀྱི་སྐབས་སུ་རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་གྲོས་ཚོགས་ཀྱི་བརྗོད་བྱར་དམིགས་ནས་ནན་ཏན་སྒོས་སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་བྱས་ཏེ་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་སྐྱོན་བྲལ་བའི་འཕེལ་རྒྱས། འཆམ་མཐུན་གྱི་འཕེལ་རྒྱས། གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་བཅས་ལ་དམིགས་པའི་རྒྱུ་སྤུས་མཐོ་ཞིང་ལྟ་བ་ལེགས་པའི་གྲོས་གཞི་དང་བསམ་འཆར་མང་པོ་བཏོན་པས་ཁོ་ཚོས་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་པའི་འགན་ཁུར་གྱི་བསམ་པ་གང་ལེགས་སྒོས་མཚོན།
ཁོ་ཚོ་གནམ་གྲུ་ལས་མར་བབས་རྗེས་ཐེངས་འདིའི་གྲོས་ཚོགས་ནི་གང་ལེགས་སྒོས་དམངས་གཙོ་དར་སྤེལ་བྱེད་པ་དང་ཁྲིམས་ལྟར་གཟབ་ནན་གྱིས་བྱ་བ་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་གི་སྐབས་བཅུ་བདུན་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་ཟབ་མོ་བྱེད་པའི་ཚོགས་ཆེན་ཞིག་དང་། མི་སེམས་ལ་ཡར་སྐུལ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་པའི་ཚོགས་ཆེན་ཞིག་རེད་ཟེར། འཐུས་མི་རྣམས་ཀྱིས་རྗེས་ཕྱོགས་སུ་མུ་མཐུད་དུ་རང་གི་འགན་ནུས་ལག་བསྟར་བཟང་པོ་བྱས་ནས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། དྲིལ་སྒྲོག་བཟང་པོ་བཅས་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་པ་འདོན་རྒྱུ་ཡིན་ཟེར།
ལོ་ཙཱ་བ། བསོད་ནམས་ལྷ་མོ། |