རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ལ་ཞུགས་པའི་རང་ཞིང་གི་ཨུ་ཡོན་མཱ་ཁྲང་ཆིན་དང་ཏུའུ་ཏི་ཀྲི། མཱ་ཧུའུ་ཁྲིན་གསུམ་གྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་རྒྱལ་ཁབ་ཀྱིས་འཁོར་བསྐྱོད་དཔལ་འབྱོར་ཞིབ་འཇུག་གསར་སྤེལ་རྟེན་གཞི་བཙུགས་ཏེ་ཚྭ་འདམ་གཞོངས་གསར་སྤེལ་བྱེད་པར་སྟོབས་དང་ལྡན་པའི་ཚན་རིག་གི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན།
ཁོ་ཚོས་བཤད་རྒྱུར། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་གཙོ་བོ་ཡིན་པའི་འཁོར་བསྐྱོད་དཔལ་འབྱོར་གྱི་མུ་འབྲེལ་ཐོན་ལས་དེར་ཁྱབ་རྒྱ་དང་ཟབ་ཚད་ཀྱི་སྟེང་ནས་རྒྱུན་ཆད་མེད་པར་ཡར་སྐུལ་བྱེད་པ་དང་། འཁོར་བསྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཚན་རྩལ་བཀག་རྒྱ་ཉིན་རེ་བཞིན་མངོན་གསལ་ཡིན་ལ། ལྷག་པར་དུ་རྒྱལ་སྤྱའི་དངུལ་ལོར་ཉམས་ཉེན་གྱི་གནོད་འཚེ་འོག མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོངས་ས་ཁུལ་གྱི་ཐོན་ལས་ཆུ་ཚད་དང་སྒྲིག་གཞིའི་ཐད་ད་དུང་མི་འདང་ས་མང་པོ་ཞིག་ཡོད་པ་མངོན་གསལ་ཡིན་པས་སྟོབས་དང་ལྡན་པའི་ཚན་རིག་གི་རོགས་སྐྱོར་ཐོབ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད་ཟེར།
ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱི་འཁོར་བསྐྱོད་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་ཆིན་ཧྭ་སློབ་ཆེན་སོགས་རྒྱལ་ནང་དུ་མིང་དུ་གྲགས་པའི་ཞིབ་འཇུག་གླིང་སྐོར་ཞིག་མཚོ་སྔོན་ཚྭ་འདམ་གཞོངས་གཏེར་ཁུངས་གསར་སྤེལ་དང་ཞིབ་འཇུག་བྱ་བར་ཞུགས་ཏེ་མཉམ་ལས་བྱས་པར་མ་ཟད། མཚོ་སྔོན་ཚྭ་མཚོ་བཟོ་ལས་སྡེ་ཚོགས་དང་ཧྭ་ཏུང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོ་གཙོ་ཡིན་པའི་རྒྱལ་ཁབ་ཚྭ་མཚོ་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཚྭ་མཚོ་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་ལག་རྩལ་གསར་སྤེལ་མནའ་འབྲེལ་བཙུགས། ཡིན་ན་ཡང་སྤྱིའི་ཆ་ནས་བལྟས་ན། ཚྭ་འདམ་གཞོངས་ས་ཁུལ་གྱི་འཁོར་བསྐྱོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ཚན་རིག་གི་ནུས་པ་སྔར་བཞིན་ཞན་པས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་གྱིས་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ། |