ཉེ་ལམ་ཞིང་ཆེན་དམངས་སྲིད་ཐིན་གྱིས་བྲེལ་མྱུར་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཉེ་ལམ་བྱུང་བའི་ཐན་སྐམ་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བ་བཟང་བོར་སྒྲུབ་དགོས་བའི་རེ་བ་བཏོན།
ན་ནིང་གི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་གྱི་ཚུན་ལ། རང་ཞིང་གི་ས་ཁུལ་ཁ་ཤས་སུ་ཆར་ཆུ་ཉུང་བའི་ཁར། ད་ལོའི་དགུན་དཔྱིད་དུ་ཆ་སྙོམས་ཀྱི་དྲོད་གྲངས་ཅུང་མཐོ་ཞིང་། དེའི་ནང་གི་ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་དུ་ཐན་སྐམ་གྱི་གནས་ཚུལ་ཅུང་ཚབས་ཆེ་བས། གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས།
ཐན་སྐམ་གྱི་གནས་ཚུལ་བྱུང་རྗེས། དམངས་སྲིད་ཐིན་གྱིས་བྱ་བ་དེར་མཐོང་ཆེན་བྱས་པ་དང་། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ས་གནས་རང་གི་ཞིང་ལས་དང་ཆུ་བེད། གནམ་གཤིས་སོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་འདྲིས་དམ་པོ་བྱས་ནས། དུས་ཐོག་ཏུ་དེང་སྐབས་ཀྱི་ཐན་སྐམ་གྱི་གནས་ཚུལ་དང་གོ་རིམ་རྗེས་མའི་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ནས། ཐན་སྐམ་གྱིས་མང་ཚོགས་ལ་ཆུ་དཀོན་པ་དང་། འབྲུ་རིགས་དཀོན་པ་སོགས་འཚོ་བར་དཀའ་ཁག་ཐེབས་པའི་གནས་ཚུལ་ཁོང་དུ་ཆུད་དགོས་པ་དང་། ནང་སྒོས་སུ་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་འཚོ་བའི་རོགས་དངུལ་དུས་ཐོག་ཏུ་ཐག་གཅོད་དགོས་པར་མ་ཟད། ཆ་འཕྲིན་སྒྲོག་སྐྱེལ་བྱ་བར་ཤུགས་སྣོན་པ་དང་། ཆ་འཕྲིན་དུས་ཐོག་དང་། མགྱོགས་མྱུར། ཡང་དག་པ་བཅས་ཀྱི་སྒོ་ནས་ཁྱབ་སྒྲོག་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། བདེ་སྐྱིད་འཚོ། |