རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་གྲོས་གཞི་བཏོན་ཏེ། མཚོ་སྔོན་བོད་ཁུལ་གྱི་རོང་འབྲོག་པ་མང་ཚོགས་ཀྱིས་ཆུ་འཐུང་དཀའ་བའི་གནད་དོན་འབུར་དུ་ཐོན་པ་དང་། ཆུ་འདོན་སྤྲོད་ཀྱི་སྒྲིག་ཆས་ཆ་མི་ཚང་བ། ཆུ་ལེན་དཀའ་བ། ཆུ་མང་པོ་འཐུང་ཆུའི་ཚད་ལ་ཐོན་མེད་པ་བཅས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཆེན་བཟོ་བཞིན་པས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་བོད་ཁུལ་གྱི་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་ཐག་གཅོད་དགོས་ཞེས་བསྟན།
རྡོ་རྗེ་རབ་བརྟན་གྱིས་འཐུང་ཆུའི་བདེ་འཇགས་གནད་དོན་ནི་བོད་ཁུལ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་བོད་ཁུལ་གྱི་ཆུ་བེད་བྱ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ཀྱི་གནས་ཚུལ་ལ་བསམ་བློ་བཏང་སྟེ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཆུ་བེད་པུའུ་ཡིས་མཚོ་སྔོན་གྱི་ཞིང་སྡེ་དང་། འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཐད་མི་རེར་མ་དངུལ་གྱི་རོགས་སྐྱོར་བྱེད་ཚད་ཇེ་མཐོར་བཏང་ནས་ཁ་གསབ་ཚང་མ་བྱིན་ཏེ། 2013ལོར་རོང་འབྲོག་ཕྱོགས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་དགོས་ཟེར།
ལོ་ཙཱ་བ། ཤ་བོ་སྐྱབས། |