རྒྱལ་ཁབ་མྱུར་བསྐྱོད་གཞུང་ལམ་དྲ་རྒྱའི་འཆར་གཞི་མྱུར་དུ་ལེགས་སྒྲིག་བྱེད་པ་དང་། མཚོ་སྔོན་བོད་ཁུལ་གྱི་མྱུར་བསྐྱོད་གཞུང་ལམ་དྲ་རྒྱའི་ཁེབས་ཚད་ཇེ་ཆེར་གཏོང་བ། མཚོ་སྔོན་བོད་ཁུལ་གྱི་ཞིང་ཆེན་གཞན་པར་འགྲོ་བའི་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་ཆེད་དུ། མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་བོད་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་སྔར་ལས་ཆེན་པོ་གནང་ནས། དུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་མཚོ་སྔོན་བོད་ཁུལ་གྱི་འགྲིམ་འགྲུལ་སྤྱི་སྤྱོད་ཞབས་ཞུའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་གྲོས་གཞི་བཏོན།
རྒྱལ་སྲིད་སྤྱི་ཁང་གིས་མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་བསམ་འཆར་ལས། ཉིས་སྟོང་བཅུ་གཉིས་ལོའི་བར་དུ། གལ་ཏེ་མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་གྱི་གཞི་རྩའི་སྤྱི་སྤྱོད་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ནས། རྒྱལ་ཡོངས་ཀྱི་ས་ཆ་གཞན་པའི་བར་ཁྱད་མངོན་གསལ་སྒོས་ཇེ་ཆུང་དུ་གཏོང་དགོས་པ་དང་། རྨང་གཞིའི་སྒྲིག་ཆས་སྔར་ལས་ཇེ་བཟང་དུ་གཏོང་དགོས་ལ། ཉིས་སྟོང་ཉི་ཤུའི་ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་དུ་བསླེབས་ཐུབ་པར་བྱས་ཏེ། རྨང་གཞིའི་སྒྲིག་ཆས་ཅུང་ཙམ་འཐུས་ཚང་དུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་དགོས། མཚོ་སྔོན་བོད་ཁུལ་གྱི་འགྲིམ་འགྲུལ་ཉིས་སྟོང་བཅུ་གཉིས་ལོར་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་མཚུངས་པར་བྱེད་དགོས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཡོངས་ཀྱི་ཆུ་ཚད་དུ་བསླེབ་པར་བྱས་ཏེ། འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དེས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་ཁྲིད་ཀྱི་ནུས་པ་འདོན་དགོས་ཞེས་བསྟན་ཡོད།
ལོ་ཙཱ་བ། བདེ་སྐྱིད་འཚོ། |