ཧྲིན་ཀྲང་གཞོན་པ་ཝང་ལིན་ཅུན་ཚེས་བདུན་ཉིན་ཧྲང་ཧེ་གྲོང་ཁྱེར་ལ་སོང་ནས་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུའི་མཚོ་སྔོན་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་དང་ཞིབ་འཇུག་བྱས། ཝང་ལིན་ཅུན་གྱིས་བཤད་རྒྱུར། རང་ཞིང་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་པ་དེ་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་ཡིད་ཆེས་དང་སྒོ་འབྱེད། གསར་སྐྲུན་བཅས་ཀྱི་འདུ་ཤེས་ཆགས་པར་བྱེད་པ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མཚོ་སྔོན་གྱི་མཚན་སྙན་ཇེ་ཆེར་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་གཞན་ལ་ངོམ་པར་དོན་སྙིང་གལ་ཆེན་ཡོད་པས། འབྲེལ་ཡོད་སྡེ་ཁག་སོ་སོས་སྟོབས་ཤུགས་གཅིག་སྒྲིལ་དང་གཞོགས་འདེགས་དམ་པོ་བྱས་ནས། འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུའི་མཚོ་སྔོན་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར།
ཝང་ལིན་ཅུན་གྱིས་བཤད་རྒྱུར། འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུ་འཚོག་པར་ཟླ་གཅིག་ལྷག་མ་གཏོགས་མེད་པས། འབྲེལ་ཡོད་སྡེ་ཁག་སོ་སོས་སྟོབས་ཤུགས་གཅིག་སྒྲིལ་དང་གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་བྱ་བ་བཟང་བོར་སྒྲུབ་ནས། ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྒོ་ནས་མཚོ་སྔོན་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས་པར་མ་ཟད། འཛམ་གླིང་ཡོངས་ལ་རང་ཞིང་གི་ཐོན་ཁུངས་ཁྱད་སྟོབས་དང་ས་ཁོངས་ཁྱད་སྟོབས་ངོམ་དགོས་པ་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་ཞིག་ངོམ་དགོས་ཟེར།
ཝང་ལིན་ཅུན་གྱིས་ད་དུང་ཧྲང་ཧེ་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུའི་མཚོ་སྔོན་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱེད་པའི་མི་སྣར་འཚམས་འདྲི་བྱས་པ་དང་ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཚང་མས་ཡང་འབད་བསྐྱར་འབད་བྱས་ནས་མཇུག་མཐའི་བྱ་བ་བཟང་བོར་སྒྲུབ་དགོས་པའི་སྐུལ་མ་བཏང་།
ལོ་ཙཱ་བ། བཀྲ་ཤིས་འབུམ། |