རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་གྲོས་གཞི་བཏོན་ནས། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མྱུར་དུ་མཚོ་སྔོན་དང་བོད་ལྗོངས་ཀྱི་གློག་དྲ་མཉམ་འབྲེལ་བཟོ་སྐྲུན་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས་པའི་རེ་བ་བཏོན་པ་དང་མཉམ་དུ། རྒྱལ་ཁབ་ཀྱིས་ཞིན་ཅང་གི་གློག་དྲ་དང་མཚོ་སྔོན་གྱི་ན་གོར་མོའི་གློག་དྲ་མཉམ་འབྲེལ་ཇུས་གཞི་ལ་ཞིབ་འཇུག་བྱས་ནས། དྲ་འབྲེལ་མངོན་འགྱུར་བྱེད་པ་དང་། ནུས་ཁུངས་སྒྲིག་སྦྱོར་བྱ་བ་ཇེ་བཟང་དུ་གཏོང་བར་གྲ་སྒྲིག་བྱེད་པའི་བྱ་བ་ཧུར་ཐག་གིས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
ཟི་ལིང་ནས་ན་གོར་མོ་བར་གྱི་བཟོ་སྐྲུན་ནི་མཚོ་སྔོན་དང་བོད་ལྗོངས་བར་གྱི་དྲ་འབྲེལ་བཟོ་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་བོད་ལྗོངས་ཀྱིས་གློག་བཀོལ་སྤྱོད་བྱེད་པ་དང་དེ་མིན་ཡུན་རིང་ལ་བོད་ལྗོངས་ཀྱི་གློག་ཤུགས་གཞན་སྐྱེལ་གྱི་གནད་དོན་མྱུར་དུ་ཐག་གཅོད་པ་དང་། གློག་དྲ་ཡུན་རིང་དུ་བརྟན་པར་ཁག་ཐེག་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་པར་ཧ་ཅང་གལ་ཆེ་བར་མ་ཟད། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་རེད།
ཟི་ལིང་ནས་ན་གོར་མོ་བར་གྱི་གློག་དྲ་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དེས། མཚོ་སྔོན་གྱི་ཚྭ་འདམ་གཞོང་ས་ཁུལ་ནས་གློག་བཀོལ་བའི་དགོས་མཁོ་བསྐོང་ཐུབ་པར་མ་ཟད། ཚྭ་འདམ་གཞོང་རྒྱལ་ཁབ་འཁོར་རྒྱུགས་དཔལ་འབྱོར་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ཤུགས་ཆེན་པོས་འཁོར་རྒྱུགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་ཡར་སྐུལ་གཏོང་བ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དོན་སྙིང་ལྡན་པ་རེད། ཞིན་ཅང་ནི་རྒྱལ་ཡོངས་ཀྱི་ནུས་ཁུངས་ཀྱི་རྟེན་གཞི་ཡིན་པ་དང་། ཞིན་ཅང་དང་མཚོ་སྔོན་གྱི་གློག་དྲ་མཉམ་འབྲེལ་བྱེད་པ་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་སྐྱེལ་འདྲེན་གྱི་འཐབ་ཇུས་ཀྱི་ལམ་ཆེན་པོ་ཞིག་ཡིན་པས། རང་རྒྱལ་གྱི་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད།
ལོ་ཙཱ་བ། བདེ་སྐྱིད་འཚོ། |