སྨན་རྫས་འཕྲོད་བསྟེན་སྒྱུར་བཅོས་བྱེད་པའི་ལས་འགན་ཕན་འབྲས་ལྡན་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མི་རེ་རེའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་འགན་སྲུང་བྱེད་ཆེད། རང་ཞིང་གི་འཐུས་མི་སྙིང་མོ་བྱམས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱིས་འདྲ་མཉམ་གྱི་རྩ་དོན་ལྟར། མཚོ་སྔོན་ཞིང་ཆེན་གྱི་ནོར་ཤུགས་ཀྱི་དཀའ་ཁག་དང་འཕྲོད་བསྟེན་ལས་དོན་རྗེས་ལུས་ཀྱི་དོན་དངོས་ལ་བསམ་བློ་ཞིབ་མོར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་དང་། སྨན་རྫས་འཕྲོད་སྟེན་བཅོས་སྒྱུར་ཐད་ཀྱི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
འཐུས་མི་སྙིང་མོ་བྱམས་ཀྱིས་ཞབས་ཞུ་སྒྲུབ་སའི་ཁྱབ་རྒྱ་ཆེ་བ་དང་ཞབས་ཞུའི་མ་རྩ་མཐོ་བ། འཕྲོད་བསྟེན་ཐད་ལ་མ་དངུལ་ཉུང་བ། རྨང་གཞི་སྒྲིག་ཆས་ཞན་པ། སྨན་བཅོས་མི་སྣ་དཀོན་པ། ལག་རྩལ་ཆུ་ཚད་དང་ཞབས་ཞུ་ནུས་པ་ཞན་པ། བདེ་ཐང་ཐད་ཀྱི་ཤེས་བྱའི་ཆུ་ཚད་དམའ་བ་བཅས་ནི། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་གཞི་རྩའི་ཁྱད་པར་ཡིན་པས། ཁོ་མོས་མཚོ་སྔོན་དུ་ཆ་སྙོམས་ཀྱིས་སྨན་བཅོས་འཕྲོད་བསྟེན་མི་སྣ་རེའི་ཞབས་ཞུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་དགུ་བཅུ་ཡིན་པ་དང་། ཞབས་ཞུའི་མ་རྩ་ནང་ལོག་གི་ཞིང་ཆེན་ལས་ལྡབ་བཅུའི་ཡན་ཡིན་ལ་སྨན་བཅོས་ཐད་ནས་མ་དངུལ་གཏོང་ཚད་དུས་རྒྱུན་མི་འདང་བ་དང་། ལོ་རྒྱུས་རང་བཞིན་གྱི་ཆད་དངུལ་མང་བ་ལས་གཞན་ཞིང་ཆེན་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལག་རྩལ་སྒྲིག་ཆས་རྗེས་ལུས་ཡིན་ལ། ཁུལ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཉེན་ཁ་ཆེ་བའི་ཁང་རྙིང་དུ་བསྡད་ཡོད་པར་མ་ཟད། རིམ་པ་སོ་སོའི་སྨན་རྫས་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྡེ་ཁག་ལ་བྱ་བ་སྒྲུབ་སའི་གཞུང་སྒྲུབ་ཁང་མེད་པ་དང་། ཞང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་སྡེ་ཁག་ལའང་དེ་མཚུངས་ཀྱི་དཀའ་ཁག་མང་བོ་ཡོད་ལ་རྒྱུན་འཐོང་གི་ནད་རིགས་སྨན་བཅོས་དང་། འགོ་ནད་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱེད་པ་སོགས་ཀྱི་ཐད་ལ་དཀའ་ཁག་ཆེ་ལ་ལས་འགན་ཡང་ལྗིད་པས། རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་སྨན་རྫས་འཕྲོད་བསྟེན་བཅོས་སྒྱུར་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས་ཟེར།
ལོ་ཙཱ་བ། ཤ་བོ་སྐྱབས། |