ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིང་ཅན་ཅོན་འཁོར་དང་བཅས་པས་ཟླ་གཉིས་པའི་ཚེས་བཞི་ཉིན། མཁར་ནུབ་ཆུའུ་ཡི་སྡོད་ཁུལ་གྱི་བྱ་བའི་མི་སྣ་དང་ཁོར་ཡུག་གཙང་དག་བྱེད་པའི་བཟོ་བར་འཚམས་འདྲིའི་སྒོར་མོ་ཁྲི་གཉིས་བྱིན་པར་མ་ཟད། ཁོ་ཚོར་ལྷག་བསམ་རྣམ་དག་གིས་ལོ་སར་གྱི་རྟེན་འབྲེལ་ཞུས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་ཡིས་བཏོན་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཧུར་ཐག་གིས་ནུས་ཤུགས་ཡོད་དགུས་ཟི་ལིང་གྲོང་ཁྱེར་གྱི་དག་གཙང་གྲོང་ཁྱེར་སྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཀྱི་དཔལ་ཡོན་གྲོང་ཁྱེར་སྐྲུན་པའི་སྐོར་གྱི་བྱ་བའི་དགོངས་དོན་ལྟར། ཉེ་ལམ་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོས་ལུགས་རྙིང་ལོ་སར་གྱི་སྔོན་ལ་གཞི་རིམ་སྡོད་ཁུལ་གྱི་བྱ་བའི་མི་སྣ་དང་ཁོར་ཡུག་དག་གཙང་མི་སྣར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བས་ཧུར་ཐག་སྒོས་ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་ཀྱི་དཔལ་ཡོན་གྲོང་ཁྱེར་དང་། མཛེས་སྡུག་གི་ཁྱིམ་གཞིས་སུ་སྐྲུན་དགོས་པའི་རེ་བ་བཏོན།
བརྡ་ཐོའི་ནང་ལས་ཁུངས་སོ་སོས་རང་འགུལ་གྱིས་ཁོངས་གཏོགས་ས་ཁུལ་གྱི་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་ལ་འབྲེལ་འདྲིས་བྱས་ནས། རང་ས་ཁུལ་དུ་སྡོད་པའི་གཞི་རིམ་སྡོད་ཁུལ་གྱི་བྱ་བའི་མི་སྣ་དང་ཁོར་ཡུག་དག་གཙང་མི་སྣར་འཚམས་འདྲི་བྱེད་དགོས་པར་མ་ཟད། ལས་ཁུངས་སོ་སོས་ལོ་སར་གྱི་སྔོན་ལ་རང་འགུལ་གྱིས་རྩ་འཛུགས་བྱས་ནས་གཞུང་དོན་སྒྲུབ་ས་དང་ཁྱིམ་ཚང་སྡོད་སའི་ཁྱིམ་ཕྱི་ནང་གི་ཁོར་ཡུག་དག་གཙང་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བར་སློབ་གསོ་བཏང་ནས་སྤྱི་བའི་འཕྲོད་བསྟེན་སྒྲིག་ལམ་བརྩི་སྲུང་བྱས་ནས། དོན་དངོས་ལ་བརྟེན་ནས་གཞི་རིམ་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་ཁོར་ཡུག་དག་གཙང་མི་སྣའི་དཀའ་སྤྱད་སྡུག་རུས་ཀྱི་གྲུབ་འབྲས་ལ་བརྩི་བཀུར་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། བརྡ་ཐོའི་ནང་རིམ་པ་སོ་སོའི་ལས་ཁུངས་ཀྱིས་ཧུར་ཐག་གིས་སྡོད་ཁུལ་གྱི་དཔལ་ཡོན་འཛུགས་སྐྲུན་དང་། སྡོད་ཁུལ་དང་སྲང་ལམ་དོན་གཅོད་ཀྱི་གཞི་རིམ་གྱི་བྱ་བ་སྒྲུབ་མཁན་དང་ཁོར་ཡུག་དག་གཙང་བྱེད་པའི་བཟོ་བར་སེམས་ཁུར་བྱེད་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། ཤ་བོ་སྐྱབས། |