ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་དབྱི་ཀྲི་དང་། རིན་ཆེན་རྣམ་རྒྱལ། ལིས་ཀྲུང་པོ། ཧན་ཡུས་ཀོས། མཱ་ཁྲང་ཆིན་བཅས་ཀྱིས་གྲུབ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གཟིགས་བཤེར་ཚོགས་པ་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་ཟི་ལིང་གྲོང་ཁྱེར་གྱི་འོ་མའི་ཐོན་ལས་ཀྱི་ཁེ་ལས་གཙོ་བོ་དང་། གཞི་རིམ་གྱི་འོ་བཞོ་ས་ཚིགས་སུ་སོང་ནས་མཚོ་སྔོན་གྱི་འོ་མའི་ཐོན་ལས་ཇི་ལྟར་རྒྱ་ཇེ་ཆེར་གཏོང་བའི་སྐོར་ལ་གཟིགས་བཤེར་བྱས་པ་མ་ཟད། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རང་ཞིང་གི་འོ་མའི་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པར་ཉན།
གཟིགས་བཤེར་ཚོགས་པས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་འཆར་གཞི་སྔོན་ལ་འགོད་པ་དང་། ས་ཁོངས་འབུར་དུ་ཐོན་པར་བྱེད་པ། གཞི་ཁྱོན་ཇེ་ཆེར་གཏོང་བ་དང་། ཐོན་ཚད་ཇེ་མཐོར་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། བཞོན་མ་གསོ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་བཏང་བ་དང་། འོ་མའི་ཐོན་ཚད་འཕྲོ་རིམ་འཕྲོར་ཇེ་མང་ཏུ་བཏང་སྟེ། འོ་མའི་ལས་རིགས་ཐོན་ཚད་ཅན་དུ་འཕེལ་རྒྱས་སུ་བཏང་ཡོད་པར་འདོད།
པད་མས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཁེ་ལས་གཙོ་བོས་རྟེན་གཞི་དང་ཞིང་བ་ཁྱིམ་ཚང་གི་སྣེ་ཁྲིད་དེ་འཕེལ་རྒྱས་སུ་བཏང་བའི་གནས་ཚུལ་ཧ་ཅང་བཟང་། དེས་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བཏང་བ་མ་ཟད ། ཞིང་བ་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་ཟེར། པད་མས་ད་རུང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་འོ་མའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད་མོད། འོན་ཀྱང་རང་ཞིང་གི་འོ་མའི་ཐོན་ལས་ད་རུང་རྗེས་ལུས་ཡིན་པ་དང་། ཁྲོམ་རར་བཙོང་ཚད་ཀྱང་ཅུང་ཉུང་ལ། འོ་མའི་ཐོན་ཁུངས་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཀྱང་རྗེས་ལུས་རེད། དེ་བས་འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ད་ལྟ་ཡོད་པའི་འོ་མའི་ས་ཚིགས་དང་འོ་མའི་ཐོན་ཁུངས་དག་ཐེར་བྱེད་པ་དང་མཉམ་དུ། བཞོན་མ་གསོ་བའི་གཞི་ཁྱོན་ཇེ་ཆེར་བཏང་ནས། འོ་མའི་ཐོན་ཁུངས་ཀྱི་རྟེན་གཞི་འཛུགས་སྐྲུན་དེ་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་། སྡེ་བར་དབུལ་སྐྱོར་བྱེད་པའི་བཟོ་སྐྲུན་དང་ཟུང་དུ་སྦྲེལ་ཏེ། ཀུང་ཟི་དང་། རྟེན་གཞི། ཞིང་ཁྱིམ་བཅས་གཅིག་ཏུ་འབྲེལ་བའི་འོ་མའི་ཐོན་ལས་ཅན་གྱི་རྣམ་པ་ཆགས་པར་བྱས་ནས། འོ་མའི་ཐོན་ཁུངས་ཀྱི་རྟེན་གཞིའི་འཛུགས་སྐྲུན་གྱིས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱས་ཏེ། འོ་མའི་ཐོན་ལས་ཀྱི་ཁེ་ལས་གཙོ་བོ་དང་ཞིང་བ་ཁྱིམ་ཚང་གཉིས་ལ་མཉམ་དུ་ཁེ་ཕན་ཐོབ་པར་བྱེད་དགོས་ཟེར། |