ཟླ7པའི་ཚེས17ཉིན། ཞིང་ཆེན་ཏང་ཨུ་ཡིས་ཏང་ཕྱིའི་མི་སྣར་གནས་ཚུལ་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་བསྡུས་ནས། ཟི་ལིང་ས་ཁུལ་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ལ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཀྲི་བེ། མཱ་ཁྲང་ཆིན་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཚོགས་ཞུགས་ཏང་ཕྱིའི་མི་སྣས་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་ལྷུག་པོར་བརྗོད། ཚང་མས་བལྟས་ན། ཐེངས་འདིའི་གྲོས་ཚོགས་སྟེང་རང་ཞིང་གི་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་ཀྱི་རྣམ་པ་མྱུར་དུ་བསྒྱུར་བའི་གནད་འགག་གི་དུས་རིམ་ལ་སླེབས་པའི་དབྱེ་ཞིབ་གསར་བ་གཏན་ལ་ཕབ་པ་དང་། དར་རྒྱས་མིན་པའི་ས་ཁུལ་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་བྱེད་པའི་ཕན་འབྲས་ལྡན་པའི་ཐབས་ལམ་ཞིག་གསར་གཏོད་བྱེད་དགོས་ན། སྟོབས་ཤུགས་ཡོད་དགུ་བཏོན་ནས་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་། སྐྱོན་བྲལ་གྱི་འཕེལ་རྒྱས། འཆམ་མཐུན་གྱི་འཕེལ་རྒྱས། གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་གཏན་ལ་ཕབ་ཡོད་པར་སྙམ་པ་མ་ཟད། ཚང་མས་བློ་ཐག་རྦད་ཆོད་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལ་ཡོངས་སུ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་བཟང་བོ་བཅས་བྱས་ནས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་དམིགས་འབེན་ལྟར། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་སྲིད་ཞུགས་སྲིད་གྲོས་དང་བློ་འདོན་ཇུས་འབུལ་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་རྒྱུན་ཆད་མེད་པར་བརྩོན་ལེན་བྱས་ནས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པར་ལེགས་སྐྱེས་འབུལ་རྒྱུའི་ཚུལ་བསྟན།
རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཁུངས་དང་སྡེ་ཁག་སོ་སོའི་ད་ལྟའི་ལས་འགན་གཙོ་བོ་ནི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ཞིག་ཏུ་བཞག་སྟེ། སློབ་སྦྱོང་དང་གྲོས་བསྡུར་གྱི་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་ནས། ཞིང་ཆེན་ཏང་ཨུའི་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་སྐོར་གྱི་དབྱེ་ཞིབ་གསར་བ་དང་ཡུན་རིང་འཕེལ་རྒྱས་ཀྱི་རེ་བ་གསར་བ་དེས་རྒྱ་ཆེའི་ལས་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་མི་སྣའི་བསམ་བློ་གཅིག་གྱུར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་དགོས་ཟེར།
རྡོ་རྗེ་རབ་བརྟན་གྱིས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་དང་མི་སྣས་ཆང་བེ་ཡི་རེ་བ་ལྟར། འབྲེལ་བ་མཐུན་སྦྱོར་བྱེད་པ་དང་འགལ་བ་མེད་པར་གཏོང་བའི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ནང་ཁུལ་གྱི་འགལ་བ་སེལ་བ་དང་མི་ཚོགས་ཀྱི་དོན་རྐྱེན་སྔོན་འགོག་དང་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་སྤྱི་ཚོགས་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན། |