ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཚེས་ཉེར་གསུམ་ཉིན་པེ་ཅིན་ཏའོ་ཡུས་ཐེ་མགྲོན་ཁང་དུ་ཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བང་ཆི་ཧྲན་དང་སིང་ཀ་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧོང་ཀིན་ཁྲིན་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ཏུ་བང་ཆི་ཧྲན་གྱིས་ཐོག་མར་ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་འབྲེལ་བར་གདེང་འཇོག་ཆེན་པོ་གནང་། ཁོས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་བར་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འགོར་བའི་ལོ་ཡིན། ལོ་ཉི་ཤུའི་རིང་ལ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་ཞིང་། དཔལ་འབྱོར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས། ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་ཀྱིས་ལོ་ཉི་ཤུའི་རིང་ལ་མཛའ་མཐུན་མཉམ་ལས་བྱས་པ་དེས་ཚད་ངེས་ཅན་ཞིག་གི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་པར་མ་ཟད། ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་བཏོན་ཟེར།
ཧོང་ཀིན་ཁྲིན་གྱིས་བཤད་རྒྱུར། སིང་ཀ་ཕོར་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་སྤྱི་བསྡོམས་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་གོའི་མཉམ་ལས་ལ་ཤུགས་བསྣོན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་འདོད་ཡོད་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ། |