
ཟླ3པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་བསྡུས་ཏེ།
བྷང་ག་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཞི་ན་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་ཞི་ན་ལ་གྲོས་མོལ་མཛད། ཕྱོགས་གཉིས་ཀ་ཀྲུང་གོ་དང་བྷང་ག་ལའི་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་བར་དུ་སྔར་ལས་ཟབ་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་འཐད་པ་བྱུང་།
ཝུན་ཅ་པའོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་བྷང་ག་ལ་ནི་མཛའ་མཐུན་ཁྱིམ་མཚེས་གྲོགས་པོ་ཡིན་ལ། རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ཀྱི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཡོད། ད་ལོ་ནི་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་ལོན་པའི་ལོ་ཡིན་ལ། ཀྲུང་གོས་བྷང་ག་ལ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར།
ཧ་ཞི་ན་ཡིས་གནས་བབ་གསར་བའི་འོག་བྷང་ག་ལས་ཀྲུང་གོའི་བར་གྱི་འབྲེལ་བ་ཟབ་མོ་གོང་འཕེལ་དུ་བཏང་ནས། ཕྱོགས་གཉིས་ཀྱི་ཞིང་ལས་དང་གནས་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཕྱོགས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་སྒྱུར་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཅེས་བཤད་པ་དང་། བྷང་ག་ལ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་བསྐྱར་སྒྲོག་བྱས།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ཀྲུང་གོ་དང་བྷང་ག་ལའི་དཔལ་འབྱོར་ལག་རྩལ་མཉམ་ལས་སོགས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།
གྲོས་མོལ་གྱི་སྔོན་ལ། ཝུན་ཅ་པའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་མཛད་སྒོ་བསྡུས་ཏེ། ཧ་ཞི་ན་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།
ལོ་ཙཱ་བ། ཕྱུག་ལོ། |