
ཟླ2པའི་ཚེས5ཉིན། ཅ་ཆིན་ལིན་གྱིས་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས།
སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཚེས་ལྔ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་འཆར་ཟིན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན། སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་སོ་སོའི་ལག་བསྟར་ཀྲུའུ་ཞི་དང་མགོ་འཛིན་པའི་མིང་ཐོ་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་དགུ་ལོའི་ཕྱི་ཕྱོགས་འགྲོ་འོང་བྱ་བའི་སྤྱི་སྡོམ་གྱི་མ་ཡིག་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་ཉིས་སྟོང་དགུ་ལོའི་ཨུ་ཡོན་ལྟ་བཤེར་རྟོག་ཞིབ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁངགི་ཉིས་སྟོང་དགུ་ལོའི་བྱ་བའི་སྤྱི་སྡོམ་མ་ཡིག་བཅས་ལ་ཡིག་ཐོག་ནས་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་གོང་གི་འཆར་ཟིན་དེ་དག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
ཅ་ཆིན་ལིན་གྱིས་གསུང་བཤད་གནང་སྐབས། གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་དམ་དུ་དམིགས་ནས། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཤུགས་འབུལ་བྱེད་དགོས། གཉིས་ནས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེང་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་འཛིན་བྱེད་པར་ནུས་པ་བཟང་པོ་འདོན་དགོས། གསུམ་ནས་བབ་བསྟུན་མདུན་སྐྱོད་བྱས་ཏེ་སྲིད་གྲོས་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།
ལོ་ཙཱ་བ། ཕྱུག་ལོ། |