ཞིང་ཆེན་སྲིད་གཞུང་གིས་ཚེས་དྲུག་ཉིན་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཧོས་ཉིན་གྱིས་ཚོགས་ཐོག་ཏུ་གཏམ་གལ་ཆེན་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་དང་ལོ་ཡུས་ལིན། ཝང་ལིན་ཅུན། ཀའོ་ཡུན་ལུང་། མཱ་ཧྲུན་ཆིན། ཀྲང་ཅན་མེན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རིན་ཆེན་རྒྱལ་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ལའོ་ཧོས་ཉིན་གྱིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བཅས་ཀྱི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་མཉམ་སྤྱོད། སྔོན་འགོག་གཙིགས་འཛིན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་བྱ་བ་གཙོ་བོ་འབུར་དུ་ཐོན་པར་བྱེད་དགོས་ལ། ལམ་ལུགས་འཛུགས་སྐྲུན་བྱ་བ་གཙིགས་སུ་འཛིན་པ་དང་གནད་དོན་གཙོ་བོ་ཐག་བཅད་ནས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཀྱིས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།
འདྲ་པར་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། |