ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཏུང་ཧྲིན་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། སྔ་གཞུག་ཏུ་མཚོ་སྔོན་ཕེན་ཨན་སྤུས་ལེགས་ཧ་ཡང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཆིན་ལི་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་འགན་ལེན་ཀུང་ཟི། ལའོ་ཏུའུ་ཧྥུའུ་ཧེ་ཐཱན་འགྱུར་ཀོས་ལྕགས་ཚད་ཡོད་ཀུང་ཟི་སོགས་ལ་སོང་ནས་ཁེ་ལས་ཀྱི་བྱ་བར་གཏིང་ཟབ་སྒོས་རྟོག་དཔྱོད་ཞིབ་འཇུག་བྱས་པར་མ་ཟད། ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོ་ནས་ཐོན་སྐྱེད་བདག་གཉེར་གྱི་གནས་ཚུལ་ལ་རྒྱུས་ལོན་དང་། ལས་བཟོ་བར་གླེང་མོལ། ངལ་རྩོལ་དཔེ་ལེགས་ཅན་དང་དཀའ་ཁག་ཡོད་པའི་ལས་བཟོ་བར་ལྟ་སྐོར་དང་འཚམས་འདྲི་བཅས་བྱས་སྟེ་ཁེ་ལས་བྱ་བའི་ཡར་ཞུ་ལ་ཉན། ཁོས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་ལག་བསྟར་བྱས་ནས། ལས་བཟོ་བའི་གཞི་རྩའི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་དང་། སྐྱོན་བྲལ་བའི་འཕེལ་རྒྱས། འཆམ་མཐུན་འཕེལ་རྒྱས། གཅིག་འདོམས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཁེ་ལས་ཀྱིས་བྱས་རྗེས་འཇོག་དགོས་པ་དང་། ལས་བཟོ་བ་ནི་ཁེ་ལས་ཀྱི་གཙོ་བོ་དང་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་རྒྱུ་རྐྱེན་གཙོ་བོའང་ཡིན་པས། ལས་བཟོ་བ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་ཡར་སྐུལ་དང་རྒྱ་ཆེའི་ལས་བཟོ་བས་བདག་པོའི་བསམ་པ་འཛིན་པར་སྐུལ་སློང་གང་ལེགས་བྱས་ནས་ཁེ་ལས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་སྟེང་ཞུགས་དགོས་པ་དང་། «མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དམངས་གཙོ་དོ་དམ་སྲོལ་ཡིག»ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ནས། དོན་ངོ་མས་ལས་བཟོ་བའི་རྒྱུས་མངའ་པའི་དབང་ཆ་དང་གཏམ་བརྗོད་དབང་ཆ། སྲིད་ཞུགས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ལ་འགན་སྲུང་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་ལས་བཟོ་བ་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པ་དང་ཐད་ཀར་དུ་འབྲེལ་བ་ཡོད་པ། ཁེ་ཕན་མངོན་འགྱུར་བྱེད་པ་བཅས་ཀྱི་གནད་དོན་ཐག་བཅད་ནས། མུ་མཐུད་དུ་ཁེ་ལས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་བསྐྱེད་དེ་མཐུན་སྒྲིལ་སྒོས་རྒྱ་ཆེའི་ལས་བཟོ་བས་ཁེ་ལས་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་དགོས་ཞེས་བསྟན།
ལོ་ཙཱ་བ། ཤ་བོ་སྐྱབས། |